
ལྷོ་མོན་འབྲུག་པར་བསྒྱུར་ཚུལ།
སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས། ནམ་མཁའི་སྙིང་པོ་རང་འོད་འབྲུག་གི་མཚན། །ངག་གི་མིང་ཅན་ལྷོ་རོང་ཕྱོགས་སུ་འབྱུང་། །ཟེར་བའི་ལུང་བསྟན་དང་ ཆོས་རྗེ་གཙང་པ་རྒྱ་རས་ཀྱིས། མ་འོངས་དུས་ན་ང་ཡང་དེར་འོངས་ནས། །ལུགས་གཉིས་བསྟན་པའི་ལམ་སྲོལ་འབྱེད་དུ་འགྱུར། །ཟེརཝ་ལ་སོགས་པའི་ ལུང་བསྟན་དང་ ཡུལ་ལྗོངས་འདི་གི་ གདུལ་བྱ་འདུལ་བའི་ དུས་ལུ་བབས་ཏེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དགུང་ལོ་ ༢༣ རབ་བྱུང་ ༡༠ པའི་ གནམ་ལོ་མེ་འབྲུག་ སྤྱི་ལོ་ ༡༦༡༦ ལུ་ འབྲུག་ར་ལུང་ལས་ ཡུལ་ལྗོངས་འདི་ཁར་ ཆིབས་བསྐྱོད་གནང་ནུག། དེ་ཡང་ ཆོས་སྐྱོང་སྲུང་མ་ཚུ་གིས་ འཕྲིན་ལས་ཀྱི་ གདོང་གྲོགས་དང་ དགོན་འོབས་མཚོ་པའི་ དཔུང་དམག་གིས་བསུས་ཏེ་ མགར་ས་ལས་སྦེ་ ཐིམ་ཕུ་སྤང་རི་ཟམ་པ་དང་ རྟ་མགོ་ ལྕགས་རི་ཚུ་ལུ་ ཆིབས་བསྐྱོད་གནང་སྟེ་ སྤྱི་ལོ་ ༡༦༢༠ ལུ་ ལྕགས་རི་རྡོ་རྗེ་གདན་གྱི་ གདན་ས་བཏབ་གནང་སྟེ་ དགེ་སློང་ཞལ་གྲངས་ ༣༠ དེ་ཅིག་དང་བཅསཔ་སྦེ་ ཆོས་སྲིད་ཀྱི་བསྟན་པ་ བཙུགས་གནང་ནུག། དེ་ལས་ རིམ་པ་བཞིན་དུ་ ལྷོ་མོན་ཁ་བཞི་ག་ར་ དཔལ་ལྡན་འབྲུག་པའི་ མངའ་འབངས་ལུ་འདུ་སྟེ་ ལྷ་ཆོས་དགེ་བ་ ༡༠ […]










