ArchiveAboutContact
ཆོས་སྐོར།

དར་ཤིང་འཕྱར་དགོ་པའི་ རྒྱུ་མཚན་མདོར་བསྡུས།

gyalchi · 1 min read

རྒྱབ་ཁུངས།

༆   དར་ཤིང་འཕྱར་ཐངས་ལུ་ གཤིན་པོའི་དགེ་རྩ་དང་ གསོན་པོའི་རིམ་གྲོ་ཟེར་ ལྷམ་པ་གཉིས་ཡོདཔ་ད། དེ་ཡང་ གཤིན་པོའི་དགེ་རྩ་ཟེར་མི་དེ་ གཤིན་པོ་ཚུ་ ངན་སོང་གི་ སྡུག་བསྔལ་ལས་ འགྲོལ་ཐབས་ལུ་དང་། གསོན་པོའི་རིམ་གྲོ་ཟེར་མི་དེ་ གསོན་པོ་ཚུ་ དབང་ཐང་དང་ རླུང་རྟ་ཚུ་རྒྱས་ཏེ་ རྒྱུ་ནོར་ལོངས་སྤྱོད་དང་ ཏོག་གོ་ས་ཚུ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ འཐོབ་ཐབས་ལུ་ འཕྱར་དགོཔ་ཨིན་པས།

དེ་ཡང་ བཛྲ་གུ་རུ་དང་ མ་ཎི་ ཡིག་བརྒྱ་ རྒྱལ་མཚན་རྩེད་མོ་ རླུང་དར་ ཨ་མི་དྷེ་བ་ལ་སོགས་པ་ཚུ་ འཕྱར་དགོཔ་ཨིན་པས།

ས་གནས།

༆   གཤིན་གསོན་གྱི་ དར་ཤིང་ཚུ་ སྤྱིར་བཏང་ལུ་ ས་གནས་ག་ཏེ་འཕྱར་རུང་ མ་བཏུབ་ཅིག་མེད་རུང་། རབ་འབྱུང་པ་ཅིན་ རི་མཐོ་ས་དང་ ལམ་རྒྱ་འགྲམ་ ཆུ་འཛོམས་ས་ དེ་ལས་ ཟམ་གུ་ལས་ཕར་ འཕྱར་བ་ཅིན་ ཕན་ཡོན་ཆེ་ཟེར་ཨིན་པས། དེ་འབདཝ་ད་ ཤར་གྱི་མཆོད་རྟེན་གྱིས་ ནུབ་ཀྱི་གྲོང་ཁྱེར་བརླག་ཟེར་ སླབ་དོ་བཟུམ་སྦེ་ སྡོད་ཁྱིམ་གྱི་ ཤར་ཁ་ཐུག་ལུ་ རྩ་ལས་རང་ འཕྱར་མི་བཏུབ་ནི་ཨིན་པས།

དར་བརྒྱ།

༆   དར་ཤིང་བརྒྱ་དང་རྩ་བརྒྱད་ འཕྱར་དགོ་པའི་ རྒྱུ་མཚན་དེ་ཡང་། དམ་པ་རིགས་བརྒྱའི་ལྷ་ཚོགས་ ཞི་བ་བཞི་བཅུ་རྩ་གཉིས་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། ཉེ་བའི་སྲས་ཆེན་བརྒྱད་ཚུ་གི་ གྱངས་ཁ་དང་ མཉམ་པར་འཕྱར་བའི་ ཐབས་ཤེས་ཁྱད་པར་ཅན་ཅིག་ཨིན་པས།

དར་འཕྱར་ཐངས།

༆   གཤིན་པོའི་དོན་ལས་འཕྱར་མི་ དར་ཚུ་ལུ་ དར་རས་ཀྱི་ ཁ་དོག་ལྟ་དགོཔ་མེད་རུང་། གསོན་པོའི་རིམ་གྲོ་ རླུར་དར་གྱི་ ཁ་དོག་དེ་ རང་སོའི་ལོ་ཁམས་དང་འཁྲིལ་ཏེ་ འཕྱར་བ་ཅིན་ ཕན་ཐོགས་ཆེ་ཟེར་ཨིན་པས། དེ་ཡང་ རླུང་དར་གྱི་རིགས་ཚུ་ ཡར་ངོ་ཟེར་ ཚེས་བཅོ་ལྔའི་ ནང་འཁོད་ལུ་ འཕྱར་བ་ཅིན། ཀླུང་རྟ་འདི་ ཡར་ངོའི་ཟླཝ་བཟུམ་སྦེ་ གོང་ལས་གོང་དུ་འཕེལ་བའི་ དགོས་པ་ཡོདཔ་ཨིན་པས།

དར་རས་ཤིང་གུ་ཐངས།

༆   དར་རས་ཤིང་གུ་ སྦྱར་ཐངས་ཀྱི་སྐོར་ལས་ ལ་ལོ་ཅིག་གིས་ ཧཱུྃ་ཤིང་གུ་དང་ ལ་ལོ་ཅིག་གིས་ ཨོཾ་ཤིང་གུ་ སྦྱར་དགོ་པའི་སྐོར་ལས་ ལོ་རྒྱུས་འདྲ་མིན་སྣ་ཚོགས་ སླབ་སྲོལ་ཡོད་རུང་། ཆོས་རྗེ་རྒྱལ་པོའི་ བཀའ་ཤོག་ཨིན་ཟེར་མི་ དཔྱེ་ཆ་ཅིག་ནང་ གསུངས་དོ་བཟུམ་འབད་བ་ཅིན་ གཤིན་གསོན་གྱི་ དབྱེ་བ་མེད་པར་ ག་ཅི་གི་དོན་ལུ་ཨིན་རུང་ ཧཱུྃ་ཤིང་གུ་ སྦྱར་དགོ་ཟེར་ཨིན་པས།

ས་བདག་བ་དན།

༆   དེ་ཡང་ རང་ཟླ་དང་པའི་ ཚེས་བཅུ་ཐམ་དང་ ཉེར་གཉིས། རང་ཟླ་གཉིས་པའི་ ཚེས་བདུན་དང་ བཅུ་དགུ་ ཉེར་བརྒྱད། རང་ཟླ་གསུམ་པའི་ ཚེས་བཞི་དང་ བཅུ་དྲུག་ ཉེར་ལྔ། རང་ཟླ་བཞི་པའི་ ཚེས་གཅིག་དང་ བཅུ་གསུམ། རང་ཟླ་ལྔ་པའི་ ཚེས་བཅུ་ཐམ་དང་ ཉེར་གཉིས། རང་ཟླ་དྲུག་པའི་ ཚེས་བདུན་དང་ བཅུ་དགུ་ ཉེར་བརྒྱད། རང་ཟླ་བདུན་པའི་ ཚེས་བཞི་དང་ བཅུ་དྲུག་ ཉེར་ལྔ། རང་ཟླ་བརྒྱད་པའི་ ཚེས་གཅིག་དང་ བཅུ་གསུམ། རང་ཟླ་དགུ་པའི་ ཚེས་བཅུ་ཐམ་དང་ ཉེར་གཉིས། རང་ཟླ་བཅུ་པའི་ ཚེས་བདུན་དང་ བཅུ་དྲུག་ ཉེར་བརྒྱད། རང་ཟླ་བཅུ་གཅིག་པའི་ ཚེས་བཞི་དང་ བཅུ་དྲུག་ ཉེར་ལྔ། རང་ཟླ་བཅུ་གཉིས་པའི་ ཚེས་གཅིག་དང་ བཅུ་གསུམ་ཚུ་ལུ་ ས་བདག་བ་དན་ཟེར་མི་དེ་ ཕོགཔ་ཨིན་པས།

ས་བདག་བ་དན་དེ་ཁར་ དར་འཕྱར་བ་ཅིན་ དར་རས་མ་ཟད་ཀྱི་བར་ན་ སྡིག་པ་ཚད་མེད་ཅིག་ བསགས་ནི་ཨིནམ་ལས། ག་དེམ་ཅིག་རང་ གལ་ཆེ་རུང་ དར་འཕྱར་ནི་དེ་ རྩ་ལས་རང་ མི་བཏུབ་ནི་ཨིན་པས།

རབ་གནས་འབད་དགོཔ།

༆   དར་ཤིང་དང་ སྐུ་གསུང་ཐུགས་རྟེན་ ཁང་ཁྱིམ་ལ་སོགས་པ་ཚུ་ ག་ཅི་རང་ཨིན་རུང་ གསར་བཞེངས་འབད་ཚར་བའི་ཤུལ་ལུ། རབ་ཏུ་གནས་པ་ཟེར་ བླམ་དགེ་བའི་བཤེས་གཉེན་ཚུ་གིས་ བཀྲ་ཤིས་པའི་ ཚིག་བརྗོད་དེ་ བྱིན་གྱིས་བརླབས་གནང་མི་ལུ་ ཞུཝ་ཨིན་པས། དེ་ཡང་ དར་ཤིང་དང་ སྐུ་གསུང་ཐུགས་རྟེན་ ཁང་ཁྱིམ་ལ་སོགས་པ་ཚུ་ དུས་ཡུན་རིངམོ་འབད་ བཀྲ་ཤིས་པའི་ངང་ལུ་ ཕུན་སུམ་ཚོགས་ཏོག་ཏོ་དང་ བརྟན་ཏོག་ཏོ་སྦེ་ གནས་ཐབས་ལུ་ཨིན་པས།

གཟའ་སྐར་ཚེས་གྲངས།

༆   དེ་ཡང་། སྒྱུ་འཕྲུལ་ལས། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཟེར་དར་ཤིང་དང་ སྐུ་གསུང་ཐུགས་རྟེན་ ཁང་ཁྱིམ་ལ་སོགས་པ་ཚུ་ལུ་ ཟླ་བ་ཡར་ངོ་དང་ གཟའ་སྐར་འཕྲོད་སྦྱོར་ ཕུན་སུམ་ཚོགས་པའི་ཉིན་མར་ རབ་གནས་འབད་དགོ་པའི་སྐོར་ལས་ གཙོ་ཆེ་བའི་ དབང་ལུ་བཏང་སྟེ་ གསུངས་ཡོད་རུང་། དགེ་ལེགས་འདོད་འཇོ་ལས། གཟའ་དང་སྐར་མ་འཛོམས་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཟེར་གསུངས་དོ་བཟུམ་སྦེ་ གཟའ་སྐར་འཕྲོད་སྦྱོར་དེ་རང་ ལེགས་ཤོམ་ཡོད་པ་ཅིན་ ཟླ་བ་མར་ངོ་ལུ་ཡང་ རབ་གནས་འབད་རུང་ མ་བཏུབ་མེདཔ་ཨིན་པས།

རབ་གནས་མ་འབད་བའི་སྐྱོན།

༆   ཁང་ཁྱིམ་དང་ རྟེན་གསུམ་ལ་སོགས་པཚུ་ལུ་ རབ་གནས་མ་འབད་བ་ཅིན། གསར་བཞེངས་འབད་མི་ ཁང་ཁྱིམ་དང་ སྐུ་གསུང་ཐུགས་རྟེན་ལ་སོགས་པ་ཚུ་ལུ་ གདོན་བགེགས་ཞུགས་ཏེ། ཚེ་འདི་ཁར་ ནད་ཡམས་མུ་གེ་ལ་སོགས་པ་འབྱུང་སྟེ་ དགའ་སྐྱིད་ཕུན་སུམ་མི་ཚོགས་ནི་དང་། ཚེ་ཕྱི་མ་ཡང་ སྡུག་བསྔལ་སྦོམ་སྦེ་ མྱོང་དགོཔ་འབྱུང་ནི་ཨིནམ་མ་ཚད། རྒྱལ་བའི་སྐུ་གསུང་ཐུགས་རྟེན་རང་ཨིན་རུང་ རབ་གནས་མ་འབད་བ་ཅིན་ ཕྱག་མཆོད་ཕུལ་མི་བཏུབ་ཟེར་ཨིན་པས།

ཕན་ཡོན།

༆   དར་ཤིང་འཕྱར་བའི་ ཕན་ཡོན་འདི་གིས་ ཚེ་འདི་ཁར་ ནད་ཡམས་མུ་གེ་དང་ དམག་འཁྲུག་ལ་སོགས་པ་ཞི་སྟེ་ བསམ་དོན་ག་ར་ རང་བཞིན་ལྷུན་གྱིས་གྲུབ་སྟེ་ དཔལ་འབྱོར་ཕུན་སུམ་ཚོགས་ཏོག་ཏོ་ འོང་ནི་ཨིན་པའི་ཁར། ཚེ་ཕྱི་མ་ཡང་ གནས་སྐབས་ལྷ་དང་ མིའི་བདེ་བ་དང་ མཐར་ཐུག་ལུ་ སངས་རྒྱས་ཀྱི་ གོ་འཕང་འཐོབ་པའི་ ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོདཔ་་ཨིན་ནོ། །

Comments are closed.

Related

ཆོས་སྐོར།

རང་ཟླ་དང་པ་ ཆོ་འཕྲུལ་ཟླ་བའི་ དུས་ཆེན་ཁྱད་པར་ཅན་གྱི་ ངོ་སྤྲོད་མདོར་བསྡུས།

མཁན་པོ་དཀར་པོ། ཐིམ་ཕུ་རྡོར་གདན་གཙུག་ལག་སློབ་གྲྭ། ལོ་བསྟར་བཞིན་དུ་ རང་ཟླ་དང་པ་ལུ་ ཆོ་འཕྲུལ་ཟླ་བ་ཟེར་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གྲོང་ཁྱེར་གཉན་ཡོད་ལུ་ མུ་སྟེགས་པའི་ སྟོན་པ་ ༦ འཁོར་དགུ་ཁྲི་དང་བཅས་པ་ ཆོ་འཕྲུལ་ཆེན་མོའི་སྒོ་ལས་ བཏུལ་གནང་པའི་ དུས་ཆེན་ཅིག་ཨིན་པས།དེ་ཡང་ མུ་སྟེགས་པའི་ སྟོན་པ་ ༦ གིས་ རྒྱལཔོ་གཟུགས་ཅན་སྙིང་པོ་ལུ་ ང་བཅས་ཀྱིས་ དགེ་སྦྱོང་གཽ་ཏ་མ་དང་ཅིག་ཁར་ ཆོ་འཕྲུལ་ (རྫུ་འཕྲུལ) འགྲན་ནི་ཨིན་ཟེར་ ཞུཝ་བཞིན་དུ་ རྒྱལཔོ་གཟུགས་ཅན་སྙིང་པོ་ སངས་རྒྱས་ཀྱི་ སྐུ་མདུན་ལུ་བཅར་ཏེ་ དགོངས་སྐོར་ཞུཝ་ད་ སངས་རྒྱས་ཀྱིས་ཡང་ ཞལ་བཞེས་མཛད་དེ་ རྒྱལ་པོའི་ཁབ་ལས་ ཡངས་པ་ཅན་དང་ ཀཽ་ཤམྦི་ ཝཱ་ར་ཎ་སི་ཚུ་ལས་སྦེ་ གཉན་ཡོད་ལུ་བྱོན་ཏེ་ རྒྱལ་བྱེད་ཚལ་ནང་བཞུགས་ནུག།ཁོང་ མུ་སྟེགས་པའི་ སྟོན་པ་ ༦ ཡང་ སངས་རྒྱས་ཀྱི་ རྟིང་བདའ་འོང་སྟེ་ གཉན་ཡོད་ཀྱི་རྒྱལཔོ་ གསེར་རྒྱལ་ལུ་ཡང་ ཧེ་མ་བཟུམ་སྦེ་ར་ཞུཝ་ལས་ རྒྱལ་པོ་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ སྐུ་འདུན་ལུ་བཅར་ཏེ་ རྫུ་འཕྲུལ་སྟོན་གནང་དགོཔ་སྦེ་ ཞུ་བའི་ཁར་ ཆོ་འཕྲུལ་གྱི་འདུ་ཁང་ ལྷའི་ཁང་བཟང་བཟུམ་ཅིག་ནང་ […]

gyalchi
ཆོས་སྐོར།

རྒྱ་གར་ལུ་ ཤཱཀྱའི་རིགས་བརྒྱུད་འབྱུང་ཁུངས།

སངས་རྒྱས་བཅོམ་ལྡན་འདས་གཙོ་འཁོར་གསུམ་ལ་ན་མོ། ༆   ཤཱཀྱའི་མི་རིགས་ཚུ་གིས་ སངས་རྒྱས་ལུ་ ང་བཅས་རའི་རིགས་བརྒྱུད་ འགོ་དང་པར་ ག་དེ་སྦེ་ བྱུང་འབྱུངམ་ཨིན་ན་ལགས་ཞུཝ་ད་ སངས་རྒྱས་ཀྱིས་ མཽ་འགལ་གྱི་བུ་ལུ་ བྱིན་གྱིས་བརླབས་ཏེ་ ཤཱཀྱའི་རིགས་ཀྱི་སྐོར་ལས་ སླབ་དགོ་པའི་ བཀའ་གནངམ་བཞིན་དུ་ མཽ་འགལ་གྱི་བུ་གིས་ འདས་པའི་དུས་ མངོན་པར་མཁྱེན་ཐོག་ལས་ རིམ་པ་བཞིན་དུ་ གསུངས་གནང་ནུག། དེ་ཡང་ འགོ་དང་པ་ འཇི་རྟེན་གྱི་ཁམས་འདི་ གནམ་སྟོང་ནང་ རླུང་འཚུབས་ལངསམ་ལས་ མེ་འབར་བའི་ཤུལ་ལུ། མེ་དང་ རླུང་གི་ཟིལ་པ་ལས་ ཆུའི་དཀྱིལ་འཁོར་ཆགས། མེ་ཆུ་གཉིས་ རླུང་གིས་བསྲུབས་ཏེ་ ཨོམ་དཀྱོགས་པའི་ མར་བཟུམ་སྦེ་ ཁ་དོག་དང་ དྲི་ རོ་ རེག་བྱ་ལ་སོགས་པ་དང་ལྡན་པའི་ ས་གཞིའི་གཟུགས་ལུ་ རིམ་གྱིས་ཆགས་ཏེ་ སྲ་ཀྲག་ཀྲག་ལུ་ གྱུར་སོང་ནུག། དུས་དེ་དང་ཅིག་ཁར་ འོད་གསལ་ལྷའི་རིགས་ལས་ མཆེད་མི་ཚུ་གིས་ བདུད་རྩིའི་ཞག་སྦྱང་གི་ བྲོཝ་བཟུམ་མར་ ཆགས་མི་དེ་ མཛུབ་ཅུང་གིས་ དཔོགས་ཏེ་ཟཝ་ལས་ ལུས་ལྕི་བ་ལུ་ རྩུབ་པ་ལུ་ ཁ་དོག་ངན་པ་ལུ་ གྱུར་འགྱོ་མི་དེ་ རྫོགས་ཞིནམ་ལས་ སའི་བཅུད་ བྲོཝ་མངར་ཏོང་ཏོ་ཅིག་ […]

gyalchi
ཆོས་སྐོར།

སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ བློ་ལྡོག་རྣམ་བཞི་མདོར་བསྡུས།

སྲིད་པ་འཁོར་ལོ། ༆   ང་བཅས་ཆ་ཁྱབ་ སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ དལ་འབྱོར་རྙེད་པར་དཀའ་བ་དང་ འཆི་བ་མི་རྟག་པ་ ལས་རྒྱུ་འབྲས་ འཁོར་བའི་ཉེས་དམིགས་བཞི་ལུ་ བློ་ལྡོག་རྣམ་པ་བཞི་ཟེར་ སླབ་དོ་ཡོདཔ་ད་ ཆོས་སྒྲུབ་ནིའི་དོན་ལུ་ བློ་ལྡོག་རྣམ་བཞི་ ལེགས་ཤོམ་སྦེ་ ཤེས་དགོཔ་དེ་ གལ་ཅན་ཅིག་ཨིན་པས། ༡. དལ་འབྱོར་རྙེད་དཀའ། ༆   དང་པར་དུ་ དལ་འབྱོར་རྙེད་པར་དཀའ་བའི་ མི་ལུས་དི་ ཐོབ་ནི་ལུ་ ལཱ་ཁག་ཡོད་པའི་གུ་ དེ་གི་ནང་ལས་ཡང་ དལ་བ་བརྒྱད་དང་ འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེ་འདི་ རྒྱུ་དང་ ངོ་བོ་ དཔྱེ་ གྲངས་དེ་ཚུ་ ག་ཅི་ལས་དཔྱད་རུང་ ག་ནི་བ་ ཐོབ་པར་དཀའ་བ་ཅིག་ཨིན་པས། ཀ) རྒྱུའི་སྒོ་ལས་ རྙེད་པར་དཀའ་ཚུལ། ༆   རྒྱུ་ཚུལ་ཁྲིམས་རྣམ་དག་བསྲུངས་ དགེ་བ་བསྒྲུབས་ སྨོན་ལམ་རྣམ་དག་ ལེ་ཤ་ཅིག་བཏབ་པའི་ བྱིན་མཐུ་ལུ་བརྟེན་ཏེ་ མི་ལུས་རིན་པོ་ཆེ་ འཐོབ་ནི་མ་གཏོགས་ རྒྱུ་གཞན་གྱིས་ མི་ལུས་རིན་པོ་ཆེ་འདི་ མི་འཐོབ་ནི་ཨིནམ་ལས་ རྒྱུའི༌སྒོ༌ལས༌ རྙེད་པར་དཀའ་བའམ་ ཐོབ་པར་དཀའ་བ་ཨིན་པས། ཁ) ངོ་བོའི་སྒོ་ལས་ རྙེད་པར་དཀའ་ཚུལ། […]

gyalchi
Online now: 21 Today: 2500 Total visitors: 2500