ArchiveAboutContact
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

gyalchi · 1 min read

པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི།
ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ དོན་ཚན་ ༡ པའི་ནང་ དངུལ་ཕོགས་ལྷན་ཚོགས་ཀྱི་ ཁྲི་འཛིན་དེ་ རང་དབང་ཅན་སྦེ་ གནས་དགོཔ་ད་ དོན་ཚན་ ༢ པའི་ནང་ ལྷན་ཚོགས་དེ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ དྲང་ཁྲིམས་ལྷན་སྡེ་ སྤྱི་ཚོགས་ཀྱི་འཐུས་མི་ ས་གནས་གཞུང་ དེ་ལས་ རྩ་ཁྲིམས་ཅན་གྱི་ ཡིག་ཚང་ཚུ་གི་ ལས་བྱེདཔ་དང་ འཐུས་མི་ཚུ་དང་ མི་མང་ལས་གཡོགཔ་ཚུ་གི་ དངུལ་ཕོགས་སྒྲིག་བཀོད་དང་ འཐུས་ ཁེ་ཕན་ དེ་ལས་ གླ་འཐུས་གཞན་གྱི་རིགས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གྲོས་འཆར་བཀོད་དགོཔ་སྦེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དོན་ཚན་ ༣ པའི་ནང་འབད་བ་ཅིན་ ལྷན་ཚོགས་དེ་གི་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ཚོགས་ནང་ལས་བཀོད་མི་ གནས་ཚིག་དང་ སྒྱུར་བཅོས་ཚུ་དང་བསྟུན་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གནང་བ་གྲོལ་བའི་ཤུལ་ལུ་ ལག་ལེན་འཐབ་ཆོག་ནི་ཨིན་པའི་ དགོངས་དོན་བཀོད་དེ་འདུག།
དངུལ་ཕོགས་ལྷན་ཚོགས་ ༧ པ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ མི་མང་ལས་གཡོགཔ་ཚུ་གི་ དངུལ་ཕོགས་དང་ འཐུས་ ཁེ་ཕན་ དེ་ལས་ གླ་འཐུས་གཞན་གྱི་རིགས་ཚུ་ བསྐྱར་ཞིབ་འབད་དེ་ གནམ་དགུན་གྱི་ སྤྱི་ཚོགས་ནང་ ཕུལ་ཚུགས་པའི་ རེ་འདུན་ཡོདཔ་ད་ འཚོ་བའི་གནས་གོང་གི་ འགྱུར་བ་ཚུ་དང་བསྟུན་ཏེ་ ཞི་གཡོགཔ་ཚུ་གིས་ཡང་ ཁོང་གི་དངུལ་ཕོགས་དང་ འཐུས་ཚུ་ ལྡང་ཚད་དང་ལྡན་མ་སྦེ་ རྒྱུན་སྐྱོང་འཐབ་ནིའི་དོན་ལས་ བསྐྱར་ཞིབ་མཛད་འོང་མནོ་བའི་ རེ་བ་བསྐྱེད་དོ་ཡོདཔ་སྦེ་བཀོད་ནུག།
དཔེར་ན་ གསོ་བའི་ལས་སྡེའི་ནང་ ལས་གཡོགཔ་མང་ཤོས་ཅིག་ར་ དགོས་མཁོ་ཆེ་བའི་ འགན་ཁུར་དང་བསྟུན་ཏེ་ དངུལ་ཕོགས་ཀྱི་ ལྡང་ཚད་མེད་པའི་ བསམ་དཔྱད་ཐོག་ལུ་ ལཱ་གཡོག་ནང་ལས་ དགོངསམ་ཞུ་སྟེ་ ཕྱི་རྒྱལ་ལས་ཕར་ ལཱ་གཡོག་འཚོལ་བར་ སོང་ཡོདཔ་ལས་ ད་རེས་ཀྱི་ དངུལ་ཕོགས་བསྐྱར་བཟོ་དེ་ རང་སོའི་ལཱ་འགན་དང་ ལཱ་གཡོག་གི་ གནས་སྟངས་ཚུ་དང་ ཚུལ་མཐུན་འོང་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ དངུལ་ཕོགས་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་གི་ དཔལ་འབྱོར་གནས་སྟངས་དང་ མི་མང་ཟད་འགྲོའི་ ་ཡུན་བརྟན་ཚུ་གུ་ གཞི་བརྟེན་ཐོག་ལས་ མི་མང་ལས་གཡོགཔ་ཚུ་གི་ ཕན་བདེ་དང་ སེམས་སྐུལ་ཚུ་ དོ་མཉམ་བཟོ་དགོ་པའི་ འགན་ཁུར་འཁྲི་ཡོདཔ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་གིས་ འབྲུག་ལུ་ གཟིགས་སྐོར་གནང་ཡོདཔ། 

པདྨ་དབང་འདུས། འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ ཌི་ཨེན་དུང་གེལ་གྱིས་ མགྲོན་བརྡ་གནངམ་བཞིན་དུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ཇའི་ཤང་ཀར་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༡༦ ལས་ ༡༨ ཚུན་ གཞུང་དོན་གཟིགས་སྐོར་ལུ་ བྱོན་ཡོདཔ་ཨིན་པས།  གཟིགས་སྐོར་སྐབས་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ རྒྱ་འབྲུག་གི་ ཕྱི་འབྲེལ་བློན་པོ་ ༢ ཀྱི་བར་ན་ རྒྱལ་རབས་ཅན་གྱི་ལུང་གཤོང་ བུམ་ཐང་ལུ་སྦེ་ གསུང་གྲོས་ཚུ་ཡང་གནང་ནུག། དེ་མ་ཚད་ ཕྱི་འབྲེལ་བློན་པོ་ ༢ ཀྱིས་ ཟུང་ཕྱོགས་མཉམ་འབྲེལ་དང་ མཐའ་དོན་གཅིག་པའི་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ད་ མི་དབང་མངའ་ཞབས་མཆོག་དང་ རྒྱ་གར་གྱི་བློན་ཆེན་ ཤྲཱི་ན་རེན་ད་ར་ མོ་དི་མཆོག་གི་ ལམ་སྟོན་བཟང་པོའི་འོག་ལུ་ དམིགས་བསལ་གྱི་ རྒྱ་འབྲུག་མཉམ་འབྲེལ་སྣ་ཚོགས་ཀྱི་ ཡར་འཕེལ་དང་ བཙན་ཐབས་ལུ་ ངལ་རངས་ཡོད་ལུགས་ཚུ་ཡང་ བཤད་ཡོདཔ་ཨིན་པས།

Web Developer
Online now: 16 Today: 2373 Total visitors: 2373