ArchiveAboutContact
ཆོས་སྐོར།

དཀར་མེ་ཕུལ་དགོ་པའི་ རྒྱབ་ཁུངས་དང་ ཕན་ཡོན་མདོར་བསྡུས།

gyalchi · 1 min read

རྒྱབ་ཁུངས།

༆   དཀར་མེ་ཕུལ་ནི་གི་ ལམ་སྲོལ་དེ་ འཇིག་རྟེན་གྱི་ཁམས་འདི་ནང་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ མ་དར་བའི་ སྔ་གོང་ལས་རང་ རྒྱ་གར་ལུ་ བྱུང་བྱུངམ་འོང་ནི་ཨིན་པས། དེ་ཡང་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ ད་རེས་ནངས་པ་ཡང་ ལྷ་ཁང་ཚུ་ནང་ དཀར་མེ་ཚུ་ ཕུལ་སྲོལ་ཡོད་པའི་ཁར། དེ་གི་ནང་དོན་ཉིད་ལས་ཡང་ དཀར་མེ་ལག་པར་འབག་སྟེ་ ལྷ་ལུ་གསོལཝ་བཏབ་སྲོལ་དང་ ཧིན་དྷུའི་དུས་སྟོན་ དེ་ཝ་ལི་ཟེར་མི་ བརྩི་སྲུང་གི་སྐབས་ལུ་ཡང་ དཀར་མེ་བརྒྱ་སྟོང་འབད་ ཕུལ་སྲོལ་ཡོདཔ་ཨིན་པས།

ཕུལ་ཐངས།

༆   དཀར་མེ་དེ་ མ་ཕུལ་བའི་ཧེ་མར་ མཆོད་ཁྲི་དང་ དཀར་མེའི་ཀོངམ་དེ་ཚུ་ རས་གཙང་ཏོག་ཏོ་ཅིག་གིས་ ལེགས་ཤོམ་སྦེ་ འཕྱག་དགོཔ་ཨིན། དེ་སྦེ་ མཆོད་ཁྲི་དང་ དཀར་མེའི་ཀོངམ་དེ་ཚུ་ འཕྱག་པའི་སྐབས་ལུ་ བདག་རང་དང་ གཞན་སེམས་ཅན་ཚུ་གི་ རྒྱུད་ལུ་ཡོད་པའི་ སྡིག་པ་མི་དགེ་བ་ཚུ་ག་ར་ འདག་བཅུག་ཟེར་བའི་ སྨོན་ལམ་བཏབ་སྟེ་ ཧིང་སང་སང་སྦེ་ འཕྱག་དགོཔ་ཨིན་པས།

སྡོང་རས།

༆   དཀར་མེ་ཕུལ་ནིའི་དོན་ལུ་ དང་པ་རང་ རྒྱུ་ཀ་བལ་ཨིན་མི་ དཀར་མེའི་སྡོང་རས་ཚུ་ འཁལ་བའི་སྐབས་ལུ་ རྩ་བརབརྟན་པ་ སྐེད་པ་ལྡིར་བ་ རྩེ་མོ་ཕྲ་བ་འབད་ འཁལ་དགོཔ་མ་ཚད། རིང་ཐུང་གི་ཚད་དེ་ཡང་ ཀོངམ་ཆེ་ཆུང་དང་བསྟུན་ཏེ་ གཡས་བསྐོར་འབད་ འཁལ་ཞིནམ་ལས་ སྡོང་རས་དེ་ བརྡབ་པའི་སྐབས་ལུ་ རིང་ཐུང་མ་དྲགས་པར་ ཀོངམ་གི་ཁ་ལས་ ནག་རྡོག་གང་གི་རྩིས་ བཞག་དགོཔ་ཨིན་པས།

དཀར་མེའི་མར།

དཀར་མེའི་མར་དེ་ཡང་ མར་གསར་པའི་རིགས་ ཕུལ་ནི་མ་གཏོགས་ རང་གིས་ཟ་འཕྲོ་དང་ ལྷག་མཇུག་ རང་ཟ་མ་བཏུབ་ཚུ་ ཕུལ་མ་བཏུབ་པའི་ཁར། ཨརཝ་བརྐུ་བརྐུཝ་དང་ འཕྲོག་བཅོམ་འབད་དེ་ འབག་འོང་མི་ མར་ཚུ་ཡང་ ཕུལ་མི་བཏུབ་ནི་ཨིན་པས།

དེ་ལས་ དཀར་མེའི་སྡོང་རས་གུ་ མེ་སྤར་བའི་ཤུལ་ལུ་ ཆབ་སྦྲོན་ཞིནམ་ལས་ ད་རེས་ ང་གིས་ དཀར་མེ་འདི་ཕུལ་བའི་ ཐུགས་རྗེ་བྱིན་རླབས་ལུ་བརྟེན་ཏེ་ ནམ་མཁའ་དང་མཉམ་པའི་ སེམས་ཅན་ག་ར་ ཁམས་གསུམ་འཁོར་བའི་ སྡུག་བསྔལ་ལས་འགྲོལ་ཏེ་ སངས་རྒྱས་ཀྱི་གོ་འཕང་ འཐོབ་བཅུག་ཟེར་བའི་ སྨོན་ལམ་བཏབ་དགོཔ་ཨིན་པས།

ཆབ་སྦྲོན་དགོཔ།

༆   ང་བཅས་ཀྱིས་ དཀོན་མཆོག་གསུམ་ལུ་ཕུལ་མི་ མཆོད་པའི་ཡོ་བྱད་ག་ར་ལུ་ ཆབ་སྦྲོན་དགོ་པའི་ རྒྱུ་མཚན་དེ་ཡང་། དང་པར་དུ་ རང་གིས་མ་ཤེས་ མ་མཐོང་པར་འཛུལ་མི་ བཙོག་པའི་རིགས་ཚུ་འདག་སྟེ་ གཙང་མ་ཡེ་ཤེས་ཀྱི་ བདུད་རྩི་ལ་སོགས་པའི་ ངོ་བོ་ལུ་ འགྱུར་ནི་གི་ ཕན་ཡོན་དང་། གཉིས་པ་ མཆོད་པའི་རྫས་ཚུ་ དཀོན་མཆོག་ལུ་ཕུལཝ་ད་ ཉུང་སུ་ཅིག་ལས་མེད་རུང་ མཆོད་རྫས་དེ་ཚུ་ རྒྱ་ཆེར་སྤེལ་བའི་ཕན་ཡོན། གསུམ་པ་ དཀོན་མཆོག་ལུ་ཕུལ་མི་ མཆོད་རྫས་ཀྱི་རིགས་ ག་ཅི་རང་ཨིན་རུང་ མཆོད་རྫས་དེ་ཚུ་ དཀོན་མཆོག་གསུམ་གྱིས་ བྱིན་གྱིས་བརླབས་ཏེ་ གནོད་བྱེད་འབྱུང་པོ་ མི་མ་ཡིན་དང་ དྲི་ཟ་ གདོན་བགེགས་ ཐེའུ་རང་ལ་སོགས་པ་ཚུ་གིས་ ལོངས་སྤྱོད་མ་ཚུགས་པའི་ དགོས་པ་ཡོད་ཟེར་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ གསུངས་བཞག་ནུག།

དཀར་མེ་ཕུལ་ཡུལ།

༆   མདོ་སྡེ་ཕལ་ཆེར་ལས། མར་མེ་མཆོག་དང་བདུག་སྤོས་དམ་པ་དང་། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཟེར་གསུངས་དོ་བཟུམ་སྦེ་ དཀར་མེ་འདི་ སྤྱིར་བཏང་ལུ་ དཀོན་མཆོག་གསུམ་གྱི་ སྤྱན་ལུ་དམིགས་ཏེ་ ཕུལ་དགོཔ་ད། མ་གཞི་ དཀར་མེ་འདི་ ཉིན་ནུབ་མེད་པར་ ཕུལ་ཚུགས་པ་ཅིན་ ལེགས་ཤོམ་ཨིན་རུང་། ག་དེམ་ཅིག་སྦེ་ རྒྱུ་གིས་མ་ལྕོགས་པར་ ཉིན་ནུབ་སྦྱེལ་ཏེ་ ཕུལ་མ་ཚུགས་པ་ཅིན་ གནམ་ཕྱི་རོ་ ཕུལ་མི་དེ་ ཕན་ཡོན་ཆེ་ཟེར་ཨིན་པས།

མར་མེ་སྨོན་ལམ།

༆   ཨོཾ་ཨཱཿཧཱུྃ། ཡིད་འོང་དབྱིབས་མཛེས་རིན་ཆེན་ཀོང་བུ་རུ། །གཙང་སྦྱར་རྩི་བཅུད་མར་ཁུས་ལེགས་གཏམས་ཤིང་། །དྲང་འཇམ་ལྷ་རྫས་སྡོང་བུར་ཡོངས་སྤར་བའི། །མུན་སེལ་སྣང་གསལ་སྒྲོན་མེའི་མཆོད་པ་འདི། །ཁྱབ་བདག་བླ་མ་མཆོག་གསུམ་རྩ་བ་གསུམ། །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་ལ་འབུལ། །ཡེ་ཤེས་སྤྱན་ལ་གསལ་གྲིབ་མི་མངའ་ཡང་། །བདག་སོགས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི། །མ་རིག་སྒྲིབ་གཉིས་མུན་པ་རབ་བསལ་ནས། །ཡང་དག་ཡེ་ཤེས་མཆོག་གི་མིག་ཐོབ་ཤོག །ཟེརཝ་ལ་སོགས་པའི་ སྨོན་ལམ་ཚུ་ གཏང་དགོཔ་ཨིན་པས།

གདངས་དབྱངས།

༆   སྨོན་ལམ་གཏང་པའི་སྐབས་ལུ་ གདངས་དབྱངས་ལྷོད་ལྷོད་སྦེ་ འཐེན་དགོ་པའི་ རྒྱུ་མཚན་དེ་ཡང་། ཁམས་གསུམ་འཁོར་བ་འདི་ སྡུག་བསྔལ་གྱི་ རང་བཞིན་ཅིག་ཨིནམ་ལས། འཁོར་བ་ལུ་ ངེས་འབྱུང་དང་ སྐྱོ་ཤས་སྐྱེས་ཏེ་ རང་གི་རྒྱུད་ལུ་ བླ་མའི་བྱིན་རླབས་ཚུ་ གང་མགྱོགས་འཇུག་ཐབས་ལུ་ཨིན་པས།

ཕན་ཡོན།

༆   དཀར་མེ་ཕུལ་བའི་ ཕན་ཡོན་འདི་ འཕྲལ་སྐབས་ཅིག་ རང་གི་རྒྱུད་ལུ་ཡོད་མི་ སྡིག་སྒྲིབ་དང་ མ་རིག་མུན་པ་ཚུ་བསལ་ཏེ་ བསོད་ནམས་ཀྱི་ ཚོགས་བསག་ནི་དང་ ཚེ་ཕྱི་མར་ མིག་ཏོ་ལུ་ སྐྱོན་ག་ནི་ཡང་མེད་པར་ གསལ་ཏོག་ཏོ་འབད་མིའི་ ལུས་ལུ་སྐྱེ་ནི་དང་། མཐར་ཐུག་ལུ་ ག་ནི་ཡང་ མཐོང་ཚུགས་པའི་ ཡེ་ཤེས་ཀྱི་སྤྱན་དང་ མངོན་ཤེས་ཚུ་ འཐོབ་ནི་ཨིནམ་མ་ཚད་ མཚད་དཔེ་དང་ལྡན་པའི་ རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་འཐོབ་ནི་ལ་སོགས་པའི་ ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོདཔ་ཨིན་ནོ། །

Comments are closed.

Related

ཆོས་སྐོར།

རང་ཟླ་དང་པ་ ཆོ་འཕྲུལ་ཟླ་བའི་ དུས་ཆེན་ཁྱད་པར་ཅན་གྱི་ ངོ་སྤྲོད་མདོར་བསྡུས།

མཁན་པོ་དཀར་པོ། ཐིམ་ཕུ་རྡོར་གདན་གཙུག་ལག་སློབ་གྲྭ། ལོ་བསྟར་བཞིན་དུ་ རང་ཟླ་དང་པ་ལུ་ ཆོ་འཕྲུལ་ཟླ་བ་ཟེར་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གྲོང་ཁྱེར་གཉན་ཡོད་ལུ་ མུ་སྟེགས་པའི་ སྟོན་པ་ ༦ འཁོར་དགུ་ཁྲི་དང་བཅས་པ་ ཆོ་འཕྲུལ་ཆེན་མོའི་སྒོ་ལས་ བཏུལ་གནང་པའི་ དུས་ཆེན་ཅིག་ཨིན་པས།དེ་ཡང་ མུ་སྟེགས་པའི་ སྟོན་པ་ ༦ གིས་ རྒྱལཔོ་གཟུགས་ཅན་སྙིང་པོ་ལུ་ ང་བཅས་ཀྱིས་ དགེ་སྦྱོང་གཽ་ཏ་མ་དང་ཅིག་ཁར་ ཆོ་འཕྲུལ་ (རྫུ་འཕྲུལ) འགྲན་ནི་ཨིན་ཟེར་ ཞུཝ་བཞིན་དུ་ རྒྱལཔོ་གཟུགས་ཅན་སྙིང་པོ་ སངས་རྒྱས་ཀྱི་ སྐུ་མདུན་ལུ་བཅར་ཏེ་ དགོངས་སྐོར་ཞུཝ་ད་ སངས་རྒྱས་ཀྱིས་ཡང་ ཞལ་བཞེས་མཛད་དེ་ རྒྱལ་པོའི་ཁབ་ལས་ ཡངས་པ་ཅན་དང་ ཀཽ་ཤམྦི་ ཝཱ་ར་ཎ་སི་ཚུ་ལས་སྦེ་ གཉན་ཡོད་ལུ་བྱོན་ཏེ་ རྒྱལ་བྱེད་ཚལ་ནང་བཞུགས་ནུག།ཁོང་ མུ་སྟེགས་པའི་ སྟོན་པ་ ༦ ཡང་ སངས་རྒྱས་ཀྱི་ རྟིང་བདའ་འོང་སྟེ་ གཉན་ཡོད་ཀྱི་རྒྱལཔོ་ གསེར་རྒྱལ་ལུ་ཡང་ ཧེ་མ་བཟུམ་སྦེ་ར་ཞུཝ་ལས་ རྒྱལ་པོ་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ སྐུ་འདུན་ལུ་བཅར་ཏེ་ རྫུ་འཕྲུལ་སྟོན་གནང་དགོཔ་སྦེ་ ཞུ་བའི་ཁར་ ཆོ་འཕྲུལ་གྱི་འདུ་ཁང་ ལྷའི་ཁང་བཟང་བཟུམ་ཅིག་ནང་ […]

gyalchi
ཆོས་སྐོར།

རྒྱ་གར་ལུ་ ཤཱཀྱའི་རིགས་བརྒྱུད་འབྱུང་ཁུངས།

སངས་རྒྱས་བཅོམ་ལྡན་འདས་གཙོ་འཁོར་གསུམ་ལ་ན་མོ། ༆   ཤཱཀྱའི་མི་རིགས་ཚུ་གིས་ སངས་རྒྱས་ལུ་ ང་བཅས་རའི་རིགས་བརྒྱུད་ འགོ་དང་པར་ ག་དེ་སྦེ་ བྱུང་འབྱུངམ་ཨིན་ན་ལགས་ཞུཝ་ད་ སངས་རྒྱས་ཀྱིས་ མཽ་འགལ་གྱི་བུ་ལུ་ བྱིན་གྱིས་བརླབས་ཏེ་ ཤཱཀྱའི་རིགས་ཀྱི་སྐོར་ལས་ སླབ་དགོ་པའི་ བཀའ་གནངམ་བཞིན་དུ་ མཽ་འགལ་གྱི་བུ་གིས་ འདས་པའི་དུས་ མངོན་པར་མཁྱེན་ཐོག་ལས་ རིམ་པ་བཞིན་དུ་ གསུངས་གནང་ནུག། དེ་ཡང་ འགོ་དང་པ་ འཇི་རྟེན་གྱི་ཁམས་འདི་ གནམ་སྟོང་ནང་ རླུང་འཚུབས་ལངསམ་ལས་ མེ་འབར་བའི་ཤུལ་ལུ། མེ་དང་ རླུང་གི་ཟིལ་པ་ལས་ ཆུའི་དཀྱིལ་འཁོར་ཆགས། མེ་ཆུ་གཉིས་ རླུང་གིས་བསྲུབས་ཏེ་ ཨོམ་དཀྱོགས་པའི་ མར་བཟུམ་སྦེ་ ཁ་དོག་དང་ དྲི་ རོ་ རེག་བྱ་ལ་སོགས་པ་དང་ལྡན་པའི་ ས་གཞིའི་གཟུགས་ལུ་ རིམ་གྱིས་ཆགས་ཏེ་ སྲ་ཀྲག་ཀྲག་ལུ་ གྱུར་སོང་ནུག། དུས་དེ་དང་ཅིག་ཁར་ འོད་གསལ་ལྷའི་རིགས་ལས་ མཆེད་མི་ཚུ་གིས་ བདུད་རྩིའི་ཞག་སྦྱང་གི་ བྲོཝ་བཟུམ་མར་ ཆགས་མི་དེ་ མཛུབ་ཅུང་གིས་ དཔོགས་ཏེ་ཟཝ་ལས་ ལུས་ལྕི་བ་ལུ་ རྩུབ་པ་ལུ་ ཁ་དོག་ངན་པ་ལུ་ གྱུར་འགྱོ་མི་དེ་ རྫོགས་ཞིནམ་ལས་ སའི་བཅུད་ བྲོཝ་མངར་ཏོང་ཏོ་ཅིག་ […]

gyalchi
ཆོས་སྐོར།

སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ བློ་ལྡོག་རྣམ་བཞི་མདོར་བསྡུས།

སྲིད་པ་འཁོར་ལོ། ༆   ང་བཅས་ཆ་ཁྱབ་ སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ དལ་འབྱོར་རྙེད་པར་དཀའ་བ་དང་ འཆི་བ་མི་རྟག་པ་ ལས་རྒྱུ་འབྲས་ འཁོར་བའི་ཉེས་དམིགས་བཞི་ལུ་ བློ་ལྡོག་རྣམ་པ་བཞི་ཟེར་ སླབ་དོ་ཡོདཔ་ད་ ཆོས་སྒྲུབ་ནིའི་དོན་ལུ་ བློ་ལྡོག་རྣམ་བཞི་ ལེགས་ཤོམ་སྦེ་ ཤེས་དགོཔ་དེ་ གལ་ཅན་ཅིག་ཨིན་པས། ༡. དལ་འབྱོར་རྙེད་དཀའ། ༆   དང་པར་དུ་ དལ་འབྱོར་རྙེད་པར་དཀའ་བའི་ མི་ལུས་དི་ ཐོབ་ནི་ལུ་ ལཱ་ཁག་ཡོད་པའི་གུ་ དེ་གི་ནང་ལས་ཡང་ དལ་བ་བརྒྱད་དང་ འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེ་འདི་ རྒྱུ་དང་ ངོ་བོ་ དཔྱེ་ གྲངས་དེ་ཚུ་ ག་ཅི་ལས་དཔྱད་རུང་ ག་ནི་བ་ ཐོབ་པར་དཀའ་བ་ཅིག་ཨིན་པས། ཀ) རྒྱུའི་སྒོ་ལས་ རྙེད་པར་དཀའ་ཚུལ། ༆   རྒྱུ་ཚུལ་ཁྲིམས་རྣམ་དག་བསྲུངས་ དགེ་བ་བསྒྲུབས་ སྨོན་ལམ་རྣམ་དག་ ལེ་ཤ་ཅིག་བཏབ་པའི་ བྱིན་མཐུ་ལུ་བརྟེན་ཏེ་ མི་ལུས་རིན་པོ་ཆེ་ འཐོབ་ནི་མ་གཏོགས་ རྒྱུ་གཞན་གྱིས་ མི་ལུས་རིན་པོ་ཆེ་འདི་ མི་འཐོབ་ནི་ཨིནམ་ལས་ རྒྱུའི༌སྒོ༌ལས༌ རྙེད་པར་དཀའ་བའམ་ ཐོབ་པར་དཀའ་བ་ཨིན་པས། ཁ) ངོ་བོའི་སྒོ་ལས་ རྙེད་པར་དཀའ་ཚུལ། […]

gyalchi
Online now: 21 Today: 2502 Total visitors: 2502