ArchiveAboutContact
ཆོས་སྐོར།

བསང་གཏང་དགོ་པའི་ རྒྱུ་མཚན་མདོར་བསྡུས།

gyalchi · 1 min read

རྒྱབ་ཁུངས།

༆   ཧེ་མར་ བོད་ལུ་ ཆོས་ཀྱི་རྒྱལཔོ་ ཁྲི་སྲོང་ལྡེའུ་བཙན་གྱིས་ བསམ་ཡས་གཙུག་ལག་ཁང་ བཞེངས་གནང་པའི་སྐབས་ལུ་ ཉིན་མར་ མི་གིས་བཞེངས་མི་ཚུ་ག་ར་ ནུབ་མོར་ ལྷ་འདྲེ་ཚུ་གིས་ བརྡལ་བཏང་སྟེ་ བཞེངས་མ་བཅུགཔ་ལས། ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ རྒྱགས་བརྔན་ལྷ་བསང་ཟེར་མི་ བརྩམས་གནང་སྟེ་ ལྷ་བསང་བཏང་གནང་པ་ལུ་བརྟེན་ཏེ། ལྷ་འདྲེ་ཚུ་ སེམས་དགའ་བའི་སྟབས་ཀྱིས་ ཞེ་སྡང་དང་ ང་རྒྱལ་ལ་སོགས་པ་ ཞི་ཐོག་ལས་ བསམ་ཡས་ཀྱི་ གཙུག་ལག་ཁང་དེ་ ཉིན་མར་ མི་གིས་ བཞེངས་མི་ལས་ལྷག་སྟེ་ ནུབ་མོར་ ལྷ་འདྲེ་ཚུ་གིས་བཞེངས་པའི་ ལོ་རྒྱུས་ཨིན་པས།

བསང་གཏང་ཡུལ།

༆  དེ་ཡང་ ཆོས་སྐྱོང་སྲུང་མ་དང་ ཡུལ་ལྷ་གཞི་བདག་ཚུ་ལུ་ སྐྱེས་གྲིབ་དང་ ཤི་གྲིབ་ལ་སོགས་པ་ཚུ་ གཙང་ཏོག་ཏོ་ བཟོ་ཐབས་ལུ་ཨིནམ་ད། དེ་སྦེ་ བསང་མཆོད་ཕུལ་མ་ཚུགས་པ་ཅིན་ ཆོས་སྐྱོང་སྲུང་མ་དང་ ཡུལ་ལྷ་གཞི་བདག་ཚུ་ཁྲོས་ཏེ་ ནད་ཡམས་ མུ་གེ་དང་ དམག་འཁྲུག་ལ་སོགས་པ་ཚུ་འབྱུང་སྟེ་ ང་བཅས་ལུ་ དགའ་སྐྱིད་ཟེར་མི་ རྩ་ལས་རང་ མི་འབྱུང་ནི་ཨིན་པས།

གཏང་ཐངས།

༆   སྤྱིར་བཏང་ལུ་ བསང་ག་ཏེ་གཏང་རུང་ མ་བཏུབ་ཅིག་མེད་རུང་ རབ་འབྱུང་པ་ཅིན་ རི་མཐོ་སར་ གཏང་དགོཔ་ཨིན་པས། དེ་ཡང་ འབུབ་མེད་སར་ བསང་སྟེགས་ཟེར་ རྩིགཔ་རྐྱབ་སྟེ་ བཟོ་ནི་དང་ ཡང་ཅིན་ ལྷ་ང་རྡོ་ལེབ་གུ་བཞག་སྟེ་ ལྷ་ངའི་ནང་འབད་ གཏང་དགོཔ་ཨིན་པས། དེ་སྦེ་ གཏང་དགོ་པའི་ རྒྱུ་མཚན་དེ་ཡང་ ས་ཆ་གཙང་ཏོག་ཏོ་ཡོད་པའི་གུ་ རླུང་མ་ཡང་ གཙང་ཏོག་ཏོ་ཡོདཔ་ལས། བསང་མཆོད་ལུ་ དྲི་ངན་གྱིས་ མི་གོས་ནི་དང་། མཆོད་ཡུལ་ཚུ་ དབུ་འཕང་མཐོ་ནི། བསང་མཆོད་གཙང་མ་གིས་ ས་ཕྱོགས་ག་ཏེ་ཡང་ ཁྱབ་ཚུགསཔ་ལས་ ཆོས་སྐྱོང་སྲུང་མ་དང་ ཡུལ་ལྷ་གཞི་བདག་ཚུ་ ཐུགས་མཉེས་ཏེ་ དབང་ཐང་དང་ རླུང་རྟ་ཚུ་ དར་ཞིང་རྒྱས་ནི་གི་ ཁྱད་པར་ཡོདཔ་ཨིན་པས།

དེ་མ་ཚད་ བླམ་དང་ དཔོན་དེ་ཚུ་ བྱོན་པའི་སྐབས་ལུ་ བྱོན་ལམ་བདའ་སྟེ་ རང་ལུ་ཡོད་མི་ གྲིབ་དེ་ཚུ་ བསང་ཐབས་ལུ་དང་ གུས་བཏུད་ཞུ་བའི་ཚུལ་ལུ་ཡང་ བསང་གཏང་སྲོལ་ཡོདཔ་ཨིན།

རྒྱུ་མཚན།

༆   བསང་གཏང་དགོ་པའི་ རྒྱུ་མཚན་དེ་ཡང་ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་གིས། རྟེན་འབྲེལ་ཟབ་མོའི་ཆོ་ག་འདིཿ དགོན་གནས་གཙུག་ལག་ཆོས་འཁོར་དངཿ བཟང་ཤིང་ཕྱེ་མར་གསུར་དུད་ལཿ བརྟེན་ནས་ཉམས་སུ་བླངས་པས་སེལཿ ཟེར་གསུངས་དོ་བཟུམ་སྦེ་ སྐྱེས་གྲིབ་དང་ ཤི་གྲིབ་ལ་སོགས་པ་ཚུ་ གཙང་ཏོག་ཏོ་ བཟོ་ཐབས་ལུ་དང་། བསང་གི་དུ་པ་གིས་ མི་ནད་དང་ ཕྱུགས་ནད་ མུ་གེ་ དམག་འཁྲུག་ལ་སོགས་པ་ཚུ་ བསལ་ཐབས་ལུ་ཨིན་པས།

བསང་ཤིང་།

༆   བསང་གི་དོན་ལས་ སྔོ་ཤིང་གི་རིགས་ཚུ་ ག་ནི་ཡང་ མ་བཏུབ་ཅིག་མེད་རུང་། རྩང་ཡོད་མི་དང་ ཨོམ་ཐོན་མི་ སྔོ་ཤིང་གི་རིགས་ཚུ་ བསང་ཤིང་སྦེ་ གཏང་མི་བཏུབ་ནི་ཨིན་པས། དེ་ཡང་ རྩང་ཡོད་མི་ སྔོ་ཤིང་དེ་ དྲག་ཤིང་དང་ ཨོམ་ཐོན་མི་ སྔོ་ཤིང་དེ་ དུག་ཤིང་འབད་ནི་དེ་གིས་ བསང་ཤིང་འབད་ གཏང་མ་བཏུབ་ཨིན་པས།

བསང་རྫས།

༆   ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་གིས། བསང་མཆོད་འདོད་ཡོན་སྤྲིན་ཕུང་ལཿ མེ་ཐབ་རྒྱ་ཆེ་སྤང་མཐོའི་ནངཿ བཟང་ཤིང་ཕྱེ་མར་འབྲུ་སྣ་བསྲེགཿ གཙང་མའི་ཆབ་ཀྱིས་རབ་བྲན་ནསཿ ཟེར་གསུངས་དོ་བཟུམ་སྦེ་ བསང་རྫས་ནང་ ཕྱེ་དང་ མར་ ཨོམ་ འབྲུ་སྣ་ དར་སྣ་ གོས་སྣ་ ཆང་ལ་སོགས་པ་ཚུ་ བླུགས་དགོཔ་ཨིན་པས།

བསང་རྫས་ནང་ ཕྱེ་དང་ མར་ ཨོམ་ འབྲུ་སྣ་ དར་སྣ་ གོས་སྣ་ ཆང་ལ་སོགས་པ་ཚུ་ བླུགས་དགོ་པའི་ རྒྱུ་མཚན་དེ་ཡང་ དཀོན་མཆོག་གསུམ་དང་ ཡུལ་ལྷ་གཞི་བདག་ལ་སོགས་པ་ཚུ་ལུ་ ཞལ་ཟས་རོ་བརྒྱ་དང་ བཏུང་བ་རྒྱ་མཚོ་གིས་ མཆོད་ནིའི་དོན་ལུ་ཨིན་པས།

ཆབ་སྦྲོན།

༆   བསང་རྫས་ཚུ་ མེ་ནང་བླུགས་ཚར་བའི་ཤུལ་ལུ་ ཆབ་སྦྲོན་དགོཔ་ཨིན་པས། དེ་ཡང་ དང་པར་དུ་ རང་གིས་མ་ཤེས་ མ་མཐོང་པར་འཛུལ་མི་ བཙོག་པའི་རིགས་ཚུ་འདག་སྟེ་ གཙང་མ་ཡེ་ཤེས་ཀྱི་ བདུད་རྩི་ལ་སོགས་པའི་ ངོ་བོ་ལུ་ འགྱུར་ནི་དང་། གཉིས་པ་ མཆོད་པའི་རྫས་ཚུ་ ཉུང་སུ་ཅིག་ལས་མེད་རུང་ མཆོད་རྫས་དེ་ཚུ་ རྒྱ་ཆེར་སྤེལ་ནི། གསུམ་པ་ མཆོད་རྫས་ཀྱི་རིགས་ཚུ་ལུ་ དཀོན་མཆོག་གསུམ་གྱིས་ བྱིན་གྱིས་བརླབས་ཏེ་ གནོད་བྱེད་འབྱུང་པོ་ མི་མ་ཡིན་དང་ དྲི་ཟ་ གདོན་བགེགས་ ཐེའུ་རང་ལ་སོགས་པ་ཚུ་གིས་ ལོངས་སྤྱོད་མ་ཚུགས་པའི་ དགོས་པ་ཡོདཔ་ཨིན་པས།

ཕན་ཡོན།

༆   དཀོན་མཆོག་གསུམ་དང་ ཆོས་སྐྱོང་སྲུང་མ་ ཡུལ་ལྷ་གཞི་བདག་ཚུ་ལུ་ བསང་མཆོད་ཕུལ་བའི་ ཐུགས་རྗེ་བྱིན་རླབས་ལུ་བརྟེན་ཏེ། འཇིག་རྟེན་གྱི་ཁམས་འདི་ནང་ ཆར་ཆུ་དུས་ལུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ཏེ་ ནད་ཡམས་མུ་གེ་དང་ དམག་འཁྲུག་ལ་སོགས་པའི་ མིང་ཙམ་ཡང་མེད་པར་ དགའ་སྐྱིད་ལུ་ ལོངས་སྤྱོད་ཚུགས་པའི་ ཕན་ཡོན་སྦོམ་ཡོདཔ་ཨིན་པས།

ཕན་ཡོན་གྱི་ལོ་རྒྱུས།

༆   དེ་ཡང་ སྔོན་གྱི་དུས་ལུ་ དིང་མ་བྲིན་ཟེར་མི་ གཡུས་ཚན་ཅིག་ནང་ ནད་རིམས་འདྲ་མིན་སྣ་ཚོགས་ཐོན་ཏེ་ མི་མ་ཡིན་གྱི་བུམོཅིག་ རྗེ་བཙུན་མི་ལ་རས་པ་ གདན་འདྲེན་ཞུ་བར་ བཅར་ཡོདཔ་བཞིན་དུ། རྗེ་བཙུན་མཆོག་ གཡུས་ཚན་དེ་ཁར་ བྱོན་པའི་སྐབས་ལུ་ བཀྲ་ཤིས་ཚེ་རིང་མ་ སྐུ་སྙུང་སྟེ་ཡོདཔ་ལས་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཏེ་ སྙུང་སྙུངམ་ཨིན་ན་ཟེར་ དྲི་བ་གསུངས་པའི་ལན་ལུ།

བཀྲ་ཤིས་ཚེ་རིང་མ་གིས་ གཡུས་ཁའི་ནོཔ་རྫིཔ་ཚུ་གིས་ ཤ་དང་ པགས་ཀོ་ སྤུ་ལ་སོགས་པ་ མེར་བཏང་པའི་ དྲི་ངན་ཚུ་ ང་ལུ་ཕོགཔ་ལས། ང་གིས་ ཁོང་ཆ་ཁྱབ་ཁྱབ་ལུ་ ཆ་རོགས་འབད་མ་ཚུགས་པར་ གཡུས་ཚན་འདི་ནང་ དེ་བཟུམ་མའི་ མི་ནད་དང་ ཕྱུགས་ནད་ལ་སོགས་པ་ འདྲ་མིན་སྣ་ཚོགས་ བྱུང་སྟེ་ཡོདཔ་ལས། རྗེ་བཙུན་མཆོག་གིས་ ང་ལུ་ ཐུགས་རྗེས་གཟིགས་ཏེ་ ནད་ལས་འགྲོལ་གནང་པ་ཅིན་ ཁོང་གི་རྐྱེན་ངན་དང་ བར་ཆད་ཚུ་ བསལ་ཞིནམ་ལས་ མི་ནོར་ག་ར་ ནད་མེད་པར་ བདེ་སྐྱིད་ཀྱི་ངང་ལུ་ གནས་ཚུགས་ཟེར་ཞུ་ནུག།

དེ་ལས་ རྗེ་བཙུན་མི་ལ་རས་པ་མཆོག་གིས་ ནད་རིམས་ཚུ་ ཞི་ཐབས་ལུ་ ལྷ་བསང་ཁྲུས་གསོལ་ཚུ་ མཛད་གནངམ་ལས། བཀྲ་ཤིས་ཚེ་རིང་མ་ སྙུང་གཞི་དྭངས་པའི་ཁར་ དིང་མ་བྲིན་གྱི་ མི་སེར་ཚུ་ཡང་ དགའ་སྐྱིད་ཕུན་སུམ་ཚོགས་ཏོག་ཏོ་སྦེ་ གནས་ཚུགས་པའི་ ལོ་རྒྱུས་ཡོདཔ་ཨིན་ནོ། །

Comments are closed.

Related

ཆོས་སྐོར།

རང་ཟླ་དང་པ་ ཆོ་འཕྲུལ་ཟླ་བའི་ དུས་ཆེན་ཁྱད་པར་ཅན་གྱི་ ངོ་སྤྲོད་མདོར་བསྡུས།

མཁན་པོ་དཀར་པོ། ཐིམ་ཕུ་རྡོར་གདན་གཙུག་ལག་སློབ་གྲྭ། ལོ་བསྟར་བཞིན་དུ་ རང་ཟླ་དང་པ་ལུ་ ཆོ་འཕྲུལ་ཟླ་བ་ཟེར་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གྲོང་ཁྱེར་གཉན་ཡོད་ལུ་ མུ་སྟེགས་པའི་ སྟོན་པ་ ༦ འཁོར་དགུ་ཁྲི་དང་བཅས་པ་ ཆོ་འཕྲུལ་ཆེན་མོའི་སྒོ་ལས་ བཏུལ་གནང་པའི་ དུས་ཆེན་ཅིག་ཨིན་པས།དེ་ཡང་ མུ་སྟེགས་པའི་ སྟོན་པ་ ༦ གིས་ རྒྱལཔོ་གཟུགས་ཅན་སྙིང་པོ་ལུ་ ང་བཅས་ཀྱིས་ དགེ་སྦྱོང་གཽ་ཏ་མ་དང་ཅིག་ཁར་ ཆོ་འཕྲུལ་ (རྫུ་འཕྲུལ) འགྲན་ནི་ཨིན་ཟེར་ ཞུཝ་བཞིན་དུ་ རྒྱལཔོ་གཟུགས་ཅན་སྙིང་པོ་ སངས་རྒྱས་ཀྱི་ སྐུ་མདུན་ལུ་བཅར་ཏེ་ དགོངས་སྐོར་ཞུཝ་ད་ སངས་རྒྱས་ཀྱིས་ཡང་ ཞལ་བཞེས་མཛད་དེ་ རྒྱལ་པོའི་ཁབ་ལས་ ཡངས་པ་ཅན་དང་ ཀཽ་ཤམྦི་ ཝཱ་ར་ཎ་སི་ཚུ་ལས་སྦེ་ གཉན་ཡོད་ལུ་བྱོན་ཏེ་ རྒྱལ་བྱེད་ཚལ་ནང་བཞུགས་ནུག།ཁོང་ མུ་སྟེགས་པའི་ སྟོན་པ་ ༦ ཡང་ སངས་རྒྱས་ཀྱི་ རྟིང་བདའ་འོང་སྟེ་ གཉན་ཡོད་ཀྱི་རྒྱལཔོ་ གསེར་རྒྱལ་ལུ་ཡང་ ཧེ་མ་བཟུམ་སྦེ་ར་ཞུཝ་ལས་ རྒྱལ་པོ་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ སྐུ་འདུན་ལུ་བཅར་ཏེ་ རྫུ་འཕྲུལ་སྟོན་གནང་དགོཔ་སྦེ་ ཞུ་བའི་ཁར་ ཆོ་འཕྲུལ་གྱི་འདུ་ཁང་ ལྷའི་ཁང་བཟང་བཟུམ་ཅིག་ནང་ […]

gyalchi
ཆོས་སྐོར།

རྒྱ་གར་ལུ་ ཤཱཀྱའི་རིགས་བརྒྱུད་འབྱུང་ཁུངས།

སངས་རྒྱས་བཅོམ་ལྡན་འདས་གཙོ་འཁོར་གསུམ་ལ་ན་མོ། ༆   ཤཱཀྱའི་མི་རིགས་ཚུ་གིས་ སངས་རྒྱས་ལུ་ ང་བཅས་རའི་རིགས་བརྒྱུད་ འགོ་དང་པར་ ག་དེ་སྦེ་ བྱུང་འབྱུངམ་ཨིན་ན་ལགས་ཞུཝ་ད་ སངས་རྒྱས་ཀྱིས་ མཽ་འགལ་གྱི་བུ་ལུ་ བྱིན་གྱིས་བརླབས་ཏེ་ ཤཱཀྱའི་རིགས་ཀྱི་སྐོར་ལས་ སླབ་དགོ་པའི་ བཀའ་གནངམ་བཞིན་དུ་ མཽ་འགལ་གྱི་བུ་གིས་ འདས་པའི་དུས་ མངོན་པར་མཁྱེན་ཐོག་ལས་ རིམ་པ་བཞིན་དུ་ གསུངས་གནང་ནུག། དེ་ཡང་ འགོ་དང་པ་ འཇི་རྟེན་གྱི་ཁམས་འདི་ གནམ་སྟོང་ནང་ རླུང་འཚུབས་ལངསམ་ལས་ མེ་འབར་བའི་ཤུལ་ལུ། མེ་དང་ རླུང་གི་ཟིལ་པ་ལས་ ཆུའི་དཀྱིལ་འཁོར་ཆགས། མེ་ཆུ་གཉིས་ རླུང་གིས་བསྲུབས་ཏེ་ ཨོམ་དཀྱོགས་པའི་ མར་བཟུམ་སྦེ་ ཁ་དོག་དང་ དྲི་ རོ་ རེག་བྱ་ལ་སོགས་པ་དང་ལྡན་པའི་ ས་གཞིའི་གཟུགས་ལུ་ རིམ་གྱིས་ཆགས་ཏེ་ སྲ་ཀྲག་ཀྲག་ལུ་ གྱུར་སོང་ནུག། དུས་དེ་དང་ཅིག་ཁར་ འོད་གསལ་ལྷའི་རིགས་ལས་ མཆེད་མི་ཚུ་གིས་ བདུད་རྩིའི་ཞག་སྦྱང་གི་ བྲོཝ་བཟུམ་མར་ ཆགས་མི་དེ་ མཛུབ་ཅུང་གིས་ དཔོགས་ཏེ་ཟཝ་ལས་ ལུས་ལྕི་བ་ལུ་ རྩུབ་པ་ལུ་ ཁ་དོག་ངན་པ་ལུ་ གྱུར་འགྱོ་མི་དེ་ རྫོགས་ཞིནམ་ལས་ སའི་བཅུད་ བྲོཝ་མངར་ཏོང་ཏོ་ཅིག་ […]

gyalchi
ཆོས་སྐོར།

སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ བློ་ལྡོག་རྣམ་བཞི་མདོར་བསྡུས།

སྲིད་པ་འཁོར་ལོ། ༆   ང་བཅས་ཆ་ཁྱབ་ སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ དལ་འབྱོར་རྙེད་པར་དཀའ་བ་དང་ འཆི་བ་མི་རྟག་པ་ ལས་རྒྱུ་འབྲས་ འཁོར་བའི་ཉེས་དམིགས་བཞི་ལུ་ བློ་ལྡོག་རྣམ་པ་བཞི་ཟེར་ སླབ་དོ་ཡོདཔ་ད་ ཆོས་སྒྲུབ་ནིའི་དོན་ལུ་ བློ་ལྡོག་རྣམ་བཞི་ ལེགས་ཤོམ་སྦེ་ ཤེས་དགོཔ་དེ་ གལ་ཅན་ཅིག་ཨིན་པས། ༡. དལ་འབྱོར་རྙེད་དཀའ། ༆   དང་པར་དུ་ དལ་འབྱོར་རྙེད་པར་དཀའ་བའི་ མི་ལུས་དི་ ཐོབ་ནི་ལུ་ ལཱ་ཁག་ཡོད་པའི་གུ་ དེ་གི་ནང་ལས་ཡང་ དལ་བ་བརྒྱད་དང་ འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེ་འདི་ རྒྱུ་དང་ ངོ་བོ་ དཔྱེ་ གྲངས་དེ་ཚུ་ ག་ཅི་ལས་དཔྱད་རུང་ ག་ནི་བ་ ཐོབ་པར་དཀའ་བ་ཅིག་ཨིན་པས། ཀ) རྒྱུའི་སྒོ་ལས་ རྙེད་པར་དཀའ་ཚུལ། ༆   རྒྱུ་ཚུལ་ཁྲིམས་རྣམ་དག་བསྲུངས་ དགེ་བ་བསྒྲུབས་ སྨོན་ལམ་རྣམ་དག་ ལེ་ཤ་ཅིག་བཏབ་པའི་ བྱིན་མཐུ་ལུ་བརྟེན་ཏེ་ མི་ལུས་རིན་པོ་ཆེ་ འཐོབ་ནི་མ་གཏོགས་ རྒྱུ་གཞན་གྱིས་ མི་ལུས་རིན་པོ་ཆེ་འདི་ མི་འཐོབ་ནི་ཨིནམ་ལས་ རྒྱུའི༌སྒོ༌ལས༌ རྙེད་པར་དཀའ་བའམ་ ཐོབ་པར་དཀའ་བ་ཨིན་པས། ཁ) ངོ་བོའི་སྒོ་ལས་ རྙེད་པར་དཀའ་ཚུལ། […]

gyalchi
Online now: 21 Today: 2502 Total visitors: 2502