ArchiveAboutContact
ཆོས་སྐོར།

ཕྱག་འཚལ་དགོ་པའི་ རྒྱུ་ལམཚན་མདོར་བསྡུས།

gyalchi · 1 min read

རྒྱབ་ཁུངས།

༆   ཕྱག་འཚལ་མི་འདི་ རང་གི་ལུས་ངག་ཡིད་གསུམ་གྱི་ སྡིག་སྒྲིབ་དག་ཐབས་ལུ་ཨིནམ་ད། དེ་ཡང་ ལུས་ཀྱི་སྒོ་ལས་ ལགཔ་ཐལ་མོ་སྦྱར་ཏེ་ཕྱག་འཚལ། ངག་གི་སྒོ་ལས་ སྐྱབས་འགྲོ་སྐྱོར། ཡིད་ཀྱི་སྒོ་ལས་ ནམ་མཁའ་དང་མཉམ་པའི་ སེམས་ཅན་ག་ར་ ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་འགྲོལ་ཏེ་ གནས་སྐབས་ལྷ་དང་ མིའི་བདེ་བ་དང་། མཐར་ཐུག་ལུ་ རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་འཐོབ་ཐབས་ལུ་ཨིན་པས།

ཕྱག་འཚལ་སའི་ཡུལ།

༆  སྤྱིར་ནང་པ་སངས་རྒྱས་པའི་ལུགས་ལུ་ ལས་དང་པོ་བ་ཚུ་གི་དོན་ལས་ ཕྱག་འཚལ་སའི་ཡུལ་ རྩ་བའི་བླམ་དང་ སྐུ་གསུང་ཐུགས་རྟེན་ཚུ་ དངོས་སུ་དགོཔ་ཨིན་པས། ཨིན་རུང་ ག་དེམ་ཅིག་སྦེ་ རྩ་བའི་བླམ་དང་ སྐུ་གསུང་ཐུགས་རྟེན་ཚུ་ དངོས་སུ་མེད་པ་ཅིན་ རང་གིས་སེམས་ཀྱིས་ རྩ་བའི་བླམ་དང་ དཀོན་མཆོག་གསུམ་ གང་རུང་ཅིག་ རང་གི་མདུན་གྱི་ནམ་མཁར་ སྐུ་དངོས་སུ་ བཞུགས་ཏེ་ཡོད་པའི་ དམིགས་པ་བསྐྱེད་དེ་ ཕྱག་འཚལ་རུང་ མ་བཏུབ་མེད་ཟེར་ཨིན་པས།

ཕྱག་འཚལ་ཐངས་ལུ་དབྱེ་བ།

༆  ཕྱག་འཚལ་ཐངས་ལུ་ རབ་ལྟ་བ་མཇལ་བའི་ཕྱག། འབྲིང་སྒོམ་པ་གོམས་པའི་ཕྱག། ཐ་མ་མོས་གུས་གསུམ་ལྡན་གྱི་ཕྱག་ཟེར་ ལྷམ་པ་གསུམ་ཡོད་པའི་ནང་ལས། དང་པ་ རབ་ལྟ་བ་མཇལ་བའི་ཕྱག་ཟེར་མི་དེ་ ཀུན་རྫོབ་ལུ་སྣང་བའི་ ཆོས་ག་ར་ དོན་དམ་པར་སྤྲོས་པའི་ སྟོང་པ་ཉིད་ཀྱི་ རང་བཞིན་ཨིན་པ་ལུ་ གསལབཏབ་སྟེ་ དམིགས་པ་མེད་པའི་ངང་ལས་ ཕྱག་འཚལ་མི་ལུ་ སླབ་ཨིན་པས།

གཉིས་པ་ འབྲིང་སྒོམ་པ་གོམས་པའི་ཕྱག་ཟེར་མི་དེ་ རང་གིས་སེམས་ཀྱིས་ སངས་རྒྱས་ཀྱི་ ཞིང་ཁམས་དཔག་ཏུ་མེད་པ་དང་ སངས་རྒྱས་དཔག་ཏུ་མེད་པ་ སྤྲུལ་པའི་གུ་ རང་གི་ལུས་དང་ ལྕེ་ཡང་ དཔག་ཏུ་མེད་པ་སྤྲུལ་ཏེ་ དཔག་མེད་བཞི་ལྡན་གྱི་སྒོ་ལས་ ཕྱག་འཚལ་མི་ལུ་ སླབ་ཨིན་པས།

གསུམ་པ་ ཐ་མ་མོས་གུས་གསུམ་ལྡན་གྱི་ཕྱག་ཟེར་མི་དེ་ ལུས་གུས་པའི་ཚུལ་ལུ་ ལག་པའི་ཐལ་མོ་ སྙིང་ཁར་སྦྱར། ངག་གུས་པའི་སྒོ་ལས་ བསྟོད་པའི་དབྱངས་འདོན། ཡིད་གུས་པའི་སྒོ་ལས་ ཅི་བྱེད་བློ་གཏད་ ཁྱེད་ཤེས་ཀྱིས་ ཕྱག་འཚལ་མི་དེ་ལུ་ སླབ་ཨིན་པས།

ཕྱག་འཚལ་ཐངས།

༆   ཕྱག་ཚལ་ཐངས་ལུ་ ནང་པ་སངས་རྒྱས་པའི་ལུགས་ལས་ མོས་གུས་གསུམ་ལྡན་གྱི་ཕྱག་ལུ་ སྐུམ་ཕྱག་དང་ རྐྱང་ཕྱག་ཟེར་ ལྷམ་པ་གཉིས་ཡོདཔ་ཨིན། དང་པ་ སྐུམ་ཕྱག་འདི་ལུ་ མ་ལྔ་ཟེར་ གཟུགས་མར་སྒུར་བའི་སྐབས་ལུ་ པུས་མོ་གཉིས་དང་ ལགཔ་གཉིས་ཀྱི་ སྤར་རིའི་སྦུག་ དཔྱལཝ་བརྩིཝ་ད་ ཡན་ལག་ལྔཔོ་འདི་ ཆ་མཉམ་རང་ ཅོག་འཐདཔ་སྦེ་ ས་ཁར་རེག་སྟེ་ ཕྱག་འཚལ་མི་ལུ་དང་།

གཉིས་པ་ རྐྱང་ཕྱག་གི་སྐབས་ལུ་ ལག་པའི་ཐལ་མོ་ རང་གི་གནས་གསུམ་ལུ་ བཀོད་ཞིནམ་ལས་ གཟུགས་ཤིང་གི་སྡོང་པོ་ ས་ཁར་འགྱེལ་དོ་བཟུམ་སྦེ་ ག་ཕུབ་རྐྱབ་སྟེ་ ས་ཁར་བརྡབས་ཚར་བའི་ཤུལ་ལུ་ མགུ་ཏོག་འཕྲང་སྟེ་ ལགཔ་གཉིས་བརྐྱང་ཐོག་ལས་ ཐལ་མོ་སྦྱར་ནི་དང་ཅིག་ཁར་ དཔྱལཝ་ས་ཁར་བཙུགས་ཏེ་ ཕྱག་འཚལ་མི་ལུ་ སླབ་ཨིན་པས།

ཡན་ལག་ལྔ་གི་རིམ་པ།

༆   ཡན་ལག་ལྔ་ ས་ཁར་བརྡབས་པའི་སྐབས་ལུ་ རྟེན་གཡས་སྐོར་རྐྱབ་སྟེ་ འགྱོ་བའི་ཚུལ་ལུ་ ལགཔ་གཡོནམ་དང་ རྐངམ་གཡོནམ་གཉིས་ ས་ཁ་ལུ་ ཧེ་མར་ བརྡབས་ནི་དང་། ཡར་ལོངས་པའི་སྐབས་ལུ་ ལགཔ་གཡསཔ་དང་ རྐངམ་གཡསཔ་གཉིས་ ཧེ་མར་ འཐུ་དགོཔ་ཨིན་པས།

ཡན་ལག་ལྔ་པོ་ ས་ཁར་རེག་དགོ་པའི་ རྒྱུ་མཚན་དེ་ཡང་ རང་གི་རྒྱུད་ལུ་ཡོད་མི་ འདོད་ཆགས་ ཞེ་སྡང་ གཏི་མུག་ ང་རྒྱལ་ ཕྲག་དོག་ཟེར་མི་ དུག་ལྔཔོ་ག་ར་ཟད་དེ་ སངས་རྒྱས་ཀྱི་ ཐུགས་རྒྱུད་ལུ་ཡོད་མི་ མཁྱེན་པ་དང་ བརྩེ་བ་ལ་སོགས་པའི་ ཡོན་ཏན་ཚུ་ག་ར་ རང་གི་རྒྱུད་ལུ་སྐྱེས་ཏེ་ ཐར་པའི་གོ་འཕང་ལུ་ རིམ་པ་བཞིན་དུ་ ལྷོད་ཐབས་ལུ་ཨིན་པས།

ལགཔ་ཐལ་མོ་སྦྱར་ཐངས།

ལགཔ་ཐལ་མོ་སྦྱར་བའི་སྐབས་ལུ་ ཐལ་མོའི་ཁོང་སྟོང་ནང་ ཨམ་མཐེ་སྦོམ་གཉིས་ འོད་མདངས་ཅན་གྱི་ ནོརབུ་དམར་པོའི་ཚུལ་ལུ་བཙུགས་ཏེ་ ལག་པའི་མཛུབ་མོ་ཚུ་གི་སྤྱི་ཏོག་ མེ་ཏོག་པདྨ་ ཁ་འགྱེས་དོ་བཟུམ་སྦེ་ བཟོ་དགོཔ་ཨིན་པས།

དེ་ཡང་ ལག་པའི་ཐལ་མོ་འདི་ དང་པ་ སྙིང་གི་ཐད་ཁར་ སྦྱར་བའི་སྐབས་ལུ་ ང་གིས་ ནམ་མཁའ་དང་མཉམ་པའི་ སེམས་ཅན་ག་ར་ སངས་རྒྱས་ཀྱི་ གོ་འཕང་ལུ་ བཀོད་ནིའི་དོན་ལས་ ཕྱག་འཚལཝ་ཨིན་ཟེར་བའི་ མནོ་བསམ་གཏང་ནི་དང་།

གཉིས་པ་ སྤྱི་བོར་སྦྱར་བའི་སྐབས་ལུ་ བདག་རང་དང་ གཞན་སེམས་ཅན་ཚུ་གིས་ ཚེ་རབས་ཐོག་མ་མེད་པ་ལས་ ལུས་ཀྱིས་བསགས་པའི་ སྡིག་པ་ག་ར་ དག་ཞིནམ་ལས་ སངས་རྒྱས་ཀྱི་ སྐུའི་ཡོད་ཏན་ མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་ དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་ བདག་གཞན་སེམས་ཅན་ཚུ་གི་རྒྱུད་ལུ་ འཐོབ་བཅུག་ཟེར་བའི་ མནོ་བསམ་གཏང་།

གསུམ་པ་ མགྲིན་པརསྦྱར་བའི་སྐབས་ལུ་ བདག་རང་དང་ གཞན་སེམས་ཅན་ཚུ་གིས་ ཚེ་རབས་ཐོག་མ་མེད་པ་ལས་ ཁ་གིས་བསགས་པའི་ སྡིག་པ་ག་ར་ དག་ཞིནམ་ལས་ སངས་རྒྱས་ཀྱི་ གསུང་དབྱངས་ཡན་ལག་དྲུག་ཅུ་ བདག་གཞན་སེམས་ཅན་ཚུ་གི་རྒྱུད་ལུ་ འཐོབ་བཅུག་ཟེར་བའི་ མནོ་བསམ་གཏང་།

བཞི་པ་ སྙིང་ཁར་སྦྱར་བའི་སྐབས་ལུ་ བདག་རང་དང་ གཞན་སེམས་ཅན་ཚུ་གིས་ ཚེ་རབས་ཐོག་མ་མེད་པ་ལས་ སེམས་ཀྱིས་ ལོག་ལྟ་བསྐྱེད་དེ་བསགས་པའི་ སྡིག་པ་ག་ར་ དག་ཞིནམ་ལས་ སངས་རྒྱས་ཀྱི་ ཐུགས་རྒྱུད་ལུ་ཡོད་མི་ མཁྱེན་པའི་ཡེ་ཤེས་ བདག་གཞན་སེམས་ཅན་ཚུ་གི་རྒྱུད་ལུ་ འཐོབ་བཅུག་ཟེར་བའི་ མནོ་བསམ་གཏང་དགོཔ་ཨིན་པས།

ཁ་ཐུན།

༆   ཕྱག་འཚལ་བའི་སྐབས་ལུ་ ཕྱག་བྱའི་གཟུངས་སྔགས་ཚུ་ ག་ནི་ཡང་ མ་ཤེས་ཏེ་འབད་རུང་། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཟེརཝ་ལ་སོགས་པའི་ སྐྱབས་འགྲོ་ཚུ་ སྐྱོར་དགོཔ་ཨིན་པས།

ཕན་ཡོན།

༆   ཕྱག་འཚལ་བའི་ ཕན་ཡོན་འདི་ སྤྱིར་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ལས་བསགས་པའི་ སྡིག་སྒྲིབ་དང་ ལྷག་པར་དུ་ ཉོན་མོངས་པ་ ང་རྒྱལ་གྱི་སྒོ་ལས་བསགས་པའི་ ལས་ངན་ཚུ་དག་སྟེ་ རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་འཐོབ་ནི་དང་ འཕྲལ་ཕུགས་གཉིས་ཀྱི་ བསམ་དོན་ཚུ་ འགྲུབ་ཚུགས་ནི་ཨིནམ་མ་ཚད། གཟུགས་ཀྱི་འཕྲོད་བསྟེན་དང་ བད་ཀན་ལ་སོགས་པའི་ ནད་རིགས་ཚུ་ལུ་ཡང་ ཕན་ཐོགས་ཡོདཔ་ཨིན་པས།

དེ་སྦེ་ ཕྱག་ཕུད་གཅིག་ལས་བརྒལ་ཏེ་ མ་འཚལ་རུང་ ཕན་ཡོན་སྦོམ་ཡོད་མི་དེ་ཡང་། རང་གི་གཟུགས་ཀྱི་འོག་ལུ་ ས་ག་དེམ་ཅིག་ ཚུད་མི་ལས་ མར་དབང་ཆེན་གསེར་གྱི་ ས་གཞི་ཚུན་ལུ་ སའི་ཐལཝ་ག་དེམ་ཅིག་ཡོད་མི་དང་ འདྲ་མཉམ་སྦེ་ སྟོང་འཁོར་ལོ་བསྒྱུར་བའི་ རྒྱལཔོ་ཐོབ་སྟེ་འབད་རུང་ ཕན་ཡོན་འདི་ མི་རྫོགས་ཟེར་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གསུངས་ཡོདཔ་ཨིན་ནོ། །

Comments are closed.

Related

ཆོས་སྐོར།

རང་ཟླ་དང་པ་ ཆོ་འཕྲུལ་ཟླ་བའི་ དུས་ཆེན་ཁྱད་པར་ཅན་གྱི་ ངོ་སྤྲོད་མདོར་བསྡུས།

མཁན་པོ་དཀར་པོ། ཐིམ་ཕུ་རྡོར་གདན་གཙུག་ལག་སློབ་གྲྭ། ལོ་བསྟར་བཞིན་དུ་ རང་ཟླ་དང་པ་ལུ་ ཆོ་འཕྲུལ་ཟླ་བ་ཟེར་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གྲོང་ཁྱེར་གཉན་ཡོད་ལུ་ མུ་སྟེགས་པའི་ སྟོན་པ་ ༦ འཁོར་དགུ་ཁྲི་དང་བཅས་པ་ ཆོ་འཕྲུལ་ཆེན་མོའི་སྒོ་ལས་ བཏུལ་གནང་པའི་ དུས་ཆེན་ཅིག་ཨིན་པས།དེ་ཡང་ མུ་སྟེགས་པའི་ སྟོན་པ་ ༦ གིས་ རྒྱལཔོ་གཟུགས་ཅན་སྙིང་པོ་ལུ་ ང་བཅས་ཀྱིས་ དགེ་སྦྱོང་གཽ་ཏ་མ་དང་ཅིག་ཁར་ ཆོ་འཕྲུལ་ (རྫུ་འཕྲུལ) འགྲན་ནི་ཨིན་ཟེར་ ཞུཝ་བཞིན་དུ་ རྒྱལཔོ་གཟུགས་ཅན་སྙིང་པོ་ སངས་རྒྱས་ཀྱི་ སྐུ་མདུན་ལུ་བཅར་ཏེ་ དགོངས་སྐོར་ཞུཝ་ད་ སངས་རྒྱས་ཀྱིས་ཡང་ ཞལ་བཞེས་མཛད་དེ་ རྒྱལ་པོའི་ཁབ་ལས་ ཡངས་པ་ཅན་དང་ ཀཽ་ཤམྦི་ ཝཱ་ར་ཎ་སི་ཚུ་ལས་སྦེ་ གཉན་ཡོད་ལུ་བྱོན་ཏེ་ རྒྱལ་བྱེད་ཚལ་ནང་བཞུགས་ནུག།ཁོང་ མུ་སྟེགས་པའི་ སྟོན་པ་ ༦ ཡང་ སངས་རྒྱས་ཀྱི་ རྟིང་བདའ་འོང་སྟེ་ གཉན་ཡོད་ཀྱི་རྒྱལཔོ་ གསེར་རྒྱལ་ལུ་ཡང་ ཧེ་མ་བཟུམ་སྦེ་ར་ཞུཝ་ལས་ རྒྱལ་པོ་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ སྐུ་འདུན་ལུ་བཅར་ཏེ་ རྫུ་འཕྲུལ་སྟོན་གནང་དགོཔ་སྦེ་ ཞུ་བའི་ཁར་ ཆོ་འཕྲུལ་གྱི་འདུ་ཁང་ ལྷའི་ཁང་བཟང་བཟུམ་ཅིག་ནང་ […]

gyalchi
ཆོས་སྐོར།

རྒྱ་གར་ལུ་ ཤཱཀྱའི་རིགས་བརྒྱུད་འབྱུང་ཁུངས།

སངས་རྒྱས་བཅོམ་ལྡན་འདས་གཙོ་འཁོར་གསུམ་ལ་ན་མོ། ༆   ཤཱཀྱའི་མི་རིགས་ཚུ་གིས་ སངས་རྒྱས་ལུ་ ང་བཅས་རའི་རིགས་བརྒྱུད་ འགོ་དང་པར་ ག་དེ་སྦེ་ བྱུང་འབྱུངམ་ཨིན་ན་ལགས་ཞུཝ་ད་ སངས་རྒྱས་ཀྱིས་ མཽ་འགལ་གྱི་བུ་ལུ་ བྱིན་གྱིས་བརླབས་ཏེ་ ཤཱཀྱའི་རིགས་ཀྱི་སྐོར་ལས་ སླབ་དགོ་པའི་ བཀའ་གནངམ་བཞིན་དུ་ མཽ་འགལ་གྱི་བུ་གིས་ འདས་པའི་དུས་ མངོན་པར་མཁྱེན་ཐོག་ལས་ རིམ་པ་བཞིན་དུ་ གསུངས་གནང་ནུག། དེ་ཡང་ འགོ་དང་པ་ འཇི་རྟེན་གྱི་ཁམས་འདི་ གནམ་སྟོང་ནང་ རླུང་འཚུབས་ལངསམ་ལས་ མེ་འབར་བའི་ཤུལ་ལུ། མེ་དང་ རླུང་གི་ཟིལ་པ་ལས་ ཆུའི་དཀྱིལ་འཁོར་ཆགས། མེ་ཆུ་གཉིས་ རླུང་གིས་བསྲུབས་ཏེ་ ཨོམ་དཀྱོགས་པའི་ མར་བཟུམ་སྦེ་ ཁ་དོག་དང་ དྲི་ རོ་ རེག་བྱ་ལ་སོགས་པ་དང་ལྡན་པའི་ ས་གཞིའི་གཟུགས་ལུ་ རིམ་གྱིས་ཆགས་ཏེ་ སྲ་ཀྲག་ཀྲག་ལུ་ གྱུར་སོང་ནུག། དུས་དེ་དང་ཅིག་ཁར་ འོད་གསལ་ལྷའི་རིགས་ལས་ མཆེད་མི་ཚུ་གིས་ བདུད་རྩིའི་ཞག་སྦྱང་གི་ བྲོཝ་བཟུམ་མར་ ཆགས་མི་དེ་ མཛུབ་ཅུང་གིས་ དཔོགས་ཏེ་ཟཝ་ལས་ ལུས་ལྕི་བ་ལུ་ རྩུབ་པ་ལུ་ ཁ་དོག་ངན་པ་ལུ་ གྱུར་འགྱོ་མི་དེ་ རྫོགས་ཞིནམ་ལས་ སའི་བཅུད་ བྲོཝ་མངར་ཏོང་ཏོ་ཅིག་ […]

gyalchi
ཆོས་སྐོར།

སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ བློ་ལྡོག་རྣམ་བཞི་མདོར་བསྡུས།

སྲིད་པ་འཁོར་ལོ། ༆   ང་བཅས་ཆ་ཁྱབ་ སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ དལ་འབྱོར་རྙེད་པར་དཀའ་བ་དང་ འཆི་བ་མི་རྟག་པ་ ལས་རྒྱུ་འབྲས་ འཁོར་བའི་ཉེས་དམིགས་བཞི་ལུ་ བློ་ལྡོག་རྣམ་པ་བཞི་ཟེར་ སླབ་དོ་ཡོདཔ་ད་ ཆོས་སྒྲུབ་ནིའི་དོན་ལུ་ བློ་ལྡོག་རྣམ་བཞི་ ལེགས་ཤོམ་སྦེ་ ཤེས་དགོཔ་དེ་ གལ་ཅན་ཅིག་ཨིན་པས། ༡. དལ་འབྱོར་རྙེད་དཀའ། ༆   དང་པར་དུ་ དལ་འབྱོར་རྙེད་པར་དཀའ་བའི་ མི་ལུས་དི་ ཐོབ་ནི་ལུ་ ལཱ་ཁག་ཡོད་པའི་གུ་ དེ་གི་ནང་ལས་ཡང་ དལ་བ་བརྒྱད་དང་ འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེ་འདི་ རྒྱུ་དང་ ངོ་བོ་ དཔྱེ་ གྲངས་དེ་ཚུ་ ག་ཅི་ལས་དཔྱད་རུང་ ག་ནི་བ་ ཐོབ་པར་དཀའ་བ་ཅིག་ཨིན་པས། ཀ) རྒྱུའི་སྒོ་ལས་ རྙེད་པར་དཀའ་ཚུལ། ༆   རྒྱུ་ཚུལ་ཁྲིམས་རྣམ་དག་བསྲུངས་ དགེ་བ་བསྒྲུབས་ སྨོན་ལམ་རྣམ་དག་ ལེ་ཤ་ཅིག་བཏབ་པའི་ བྱིན་མཐུ་ལུ་བརྟེན་ཏེ་ མི་ལུས་རིན་པོ་ཆེ་ འཐོབ་ནི་མ་གཏོགས་ རྒྱུ་གཞན་གྱིས་ མི་ལུས་རིན་པོ་ཆེ་འདི་ མི་འཐོབ་ནི་ཨིནམ་ལས་ རྒྱུའི༌སྒོ༌ལས༌ རྙེད་པར་དཀའ་བའམ་ ཐོབ་པར་དཀའ་བ་ཨིན་པས། ཁ) ངོ་བོའི་སྒོ་ལས་ རྙེད་པར་དཀའ་ཚུལ། […]

gyalchi
Online now: 20 Today: 2500 Total visitors: 2500