ArchiveAboutContact

Month: July 2026

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བིཊ་ཀོ་ཡིན་གྱི་ ཐབས་བྱུས་ཅན་གྱི་ མཉམ་བསྡོམས་ལས་འགུལ།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཨང་ཅན་བདོག་གཏད་མ་དངུལ་གྱི་ གནས་སྟངས་གོང་འཕེལ་དོན་ལུ་ ཨང་ཅན་བདོག་གཏད་ནང་ མ་རྩ་གཞི་བཙུགས་ཀྱི་ བདེ་དོགས་བསལ་ཐབས་འབད་མི་ རྒྱལ་སྤྱིའི་སྣ་ཁྲིདཔ་ ཐི་རི་ཨའི་ཀིའུ་ཀཱོབ་ཟེར་མི་དང་གཅིག་ཁར་ ཐབས་བྱུས་ཅན་གྱི་སྒོ་ལས་ མཉམ་བསྡོམས་འབད་ནི་ཨིན་ཟེར་ཨིན་པས།   བསྡོམས་རོགས་དེ་གི་འོག་ལུ་ ཐི་རི་ཨའི་ཀིའུ་ཀཱོབ་ཀྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བིཊ་ཀོ་ཡིན་གྱི་ མཛོད་དངུལ་ཆ་ཤས་ཅིག་གི་ རྒྱབ་སྐྱོར་ཐོག་ལས་ ཆེད་དུ་བཀོད་པའི་ འགན་ཁུར་འཛིན་སྐྱོང་འཐབ་ནི་དང་སྦྲགས་ཏེ་ ས་གནས་ཀྱི་ ལྕོགས་གྲུབ་དང་ ཤེས་ཡོན་བརྗེ་སོར་ དེ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ འབྲུག་གི་ཨང་ཅན་མ་དངུལ་གྱི་ལྟེ་བ་གསར་པར་ བསྒྱུར་ཐབས་འབད་ནི་ལུ་ གྲོགས་རམ་ཚུ་འབད་ནི་ཨིནམ་སྦེ་བཀོད་ནུག། 

World News

མོ་རོ་ཀོ་ལས་ སི་པེན་ལུ་ གནས་སྤོ་སྟེ་ འགྲུལ་སྐྱོད་འབད་མི་ཚུ་གི་གྲས་ལས་ མི་གྲངས་ ༣༤ ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ མོ་རོ་ཀོ་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ས་མཚམས་བརྒལ་ཏེ་ སི་པེན་གྱི་མངའ་ཁོངས་ སིའུ་ཊ་ལུ་ གནས་སྤོ་སྟེ་ འགྲུལ་སྐྱོད་འབད་མི་ཚུ་གི་གྲས་ལས་ མི་གྲངས་ ༣༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ བྱང་ཨཕ་རི་ཀའི་ སི་པེན་ལུང་ཕྱོགས་ཀྱི་སྲིད་འཛིན་ ཇུ་འཱན་ཇི་སུཛ་ ཝི་ཝཛ་གིས་ རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་དེ་ ངེས་གཏན་བཟོ་ཡོད་རུང་ དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་གི་སྐོར་ལས་ ཁ་གསལ་སྦེ་ བཤད་མ་བཏུབ་ཨིན་པས། དེ་འབདཝ་ད་ མི་སེར་སྟོང་ཕྲག་ ༦༠ དེ་ཅིག་ མོ་རོ་ཀོ་ལས་ སིའུ་ཊ་ལུ་ ས་ཐོག་དང་ མཚོ་ཐོག་ལས་ འགྲུལ་སྐྱོད་འབད་དེ་ ས་མཚམས་ལུ་ ལྷོད་རནམ་ད་ མང་ཤོས་ཅིག་གིས་ ཆུ་རྩལ་རྐྱབ་སྟེ་ འགྲུལ་སྐྱོད་འབད་ཡོདཔ་སྦེ་ ཝི་ཝཛ་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་བཤད་ནུག།

National News

འབྲུག་གི་ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་གྲོགས་རམ་ རིམ་ཐེངས་གཉིས་པ་འཛིན་གྲོལ།

པདྨ་དབང་འདུས། སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ རྒྱ་གར་གཞུང་གིས་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ཀྱི་ ཡིག་ཚང་བརྒྱུད་དེ་ འབྲུག་གི་ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ མ་དངུལ་གྲོགས་རམ་ རིམ་ཐེངས་ ༢ པ་ འཛིན་གྲོལ་འབད་ནུག། དེ་ཡང་ རྒྱ་གར་གཞུང་ཚབ་ ཤྲཱི་སཱན་དིབ་ཨ་རི་ཡ་གིས་ དངུལ་ཀྲམ་ས་ཡ་ ༢,༣༧༨.༢༨༡༥ གི་ དངུལ་ཤོག་དེ་ འབྲུག་གི་དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ཕུལ་ཡོདཔ་ཨིན་པས།  མ་དངུལ་དེ་ཡང་ ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་ ༢༩༢ འཕྲོ་མཐུད་ལག་ལེན་གྱི་ རྒྱབ་སྐྱོར་ལུ་ སྤྱོད་ནི་ཨིནམ་ད་ དེ་ཡང་ རྒྱ་འབྲུག་ ༢ ཀྱི་བར་ན་ གོང་འཕེལ་གྱི་དོནལས་ མཉམ་བསྡོམས་བརྩོན་ཤུགས་ནང་ གལ་གནད་ཆེ་བའི་ གོམ་པ་མདུན་པོའི་ རྟགས་མཚན་ཅིག་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། 

Online now: 20 Today: 2492 Total visitors: 2492