ArchiveAboutContact

Category: World News

World News

བྱ་རྒོད་དཀོན་དྲགས་བསད་མི་ ཕོ་སྐྱེས་ཅིག་ལུ་ ལོ་ངོ་ ༢༤ གི་བཙོན་ཁྲིམས།

སི་ཨེན་ཨེན།སྐྱེས་ལོ་ ༣༡ འབད་མི་ ཕོ་སྐྱེས་ཅིག་གིས་ ཡུ་ཨེཛ་གི་མངའ་སྡེ་ ཀེ་ལི་ཕོ་ནི་ཡ་ཟེར་སར་ ནགས་ཚལ་མེ་སྤར་ཏེ་ འཛམ་གླིང་ནང་ དཀོན་དྲགས་ཅིག་ཨིན་མི་ བྱ་རྒོད་བསད་པའི་ཁར་ མེ་གསད་མི་ཅིག་ལུ་ཡང་ རྨ་སྐྱོན་སྦོམ་སྦེ་ར་ བཏོན་ཡོདཔ་ཨིན་པས།དེ་མ་ཚད་ སྡོད་ཁྱིམ་ལེ་ཤ་ཅིག་ཡང་ མེདཔ་བཏང་ཡོད་པའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༢༤ གི་ བཙོན་ཁྲིམས་བཀལ་ནུག།དེ་ལས་ གཞན་ཡང་ ཉེས་འཛུགས་ཅན་དེ་གིས་ བྱ་ངན་ཁག་ ༡༦ དེ་ཅིག་འབད་བའི་ ཉེས་འཛུགས་དང་ སྨྱོ་རྗས་ཀེ་ན་འཛུགས་སྐྱོང་ སྣུམ་འཁོར་བཅག་དཀྲུམ་ དེ་ལས་ སེམས་ཅན་ཚུ་ལུ་ གདུག་རྩུབ་ཚུ་ཡང་ ལག་ལེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འཛམ་གླིང་རྒྱལ་ཁབ་ ༡༡ གི་ནང་ མི་གྲངས་ ༨༠ དེ་ཅིག་ལུ་ སྤྱའི་འབྲུམ་ནད་ ཐོབ་ཡོད་པའི་ངོས་འཛིན།

བི་བི་སི།འཛམ་གླིང་གསོ་བའི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ ༡༡ གི་ནང་ མི་གྲངས་ ༨༠ དེ་ཅིག་ལུ་ སྤྱའི་འབྲུམ་ནད་ ཐོབ་ཡོད་པའི་ དོགས་ཟོན་ཐོག་ལུ་ བརྟག་ཞིབ་འབདཝ་ད་ ངེས་བདེན་ཨིན་པའི་ གྲུབ་འབྲས་ཐོན་ཡི་ཟེར་ཨིན་པས།འབྲུམ་ནད་དེ་ འགོ་དང་པ་ ཡུ་རོབ་རྒྱལ་ཁབ་ ཨི་ཊ་ལི་དང་ སུའི་ཌེན་ སི་པེན་ པོར་ཊུ་གཱལ་ ཡུ་ཨེཛ་ དེ་ལས་ ཀེ་ན་ཌ་དང་ ཡུ་ཀེ་ཚུ་ནང་ དར་ཁྱབ་སོང་ཡོད་པའི་ སྙན་ཞུ་ཐོབ་ནུག།མ་གཞི་ སྤྱའི་འབྲུམ་ནད་དེ་ ཨཕ་རི་ཀའི་ དབུས་ཕྱོགས་དང་ ནུབ་ཕྱོགས་ཀྱི་ མཐའ་ཟུར་ས་གནས་ཚུ་ནང་ ཡོངས་གྲགས་ཅན་ཅིག་ ཨིན་པས།ཨིན་རུང་ མི་སྡེའི་བར་ན་ འཇམ་ཏོག་ཏོ་སྦེ་ དར་ཁྱབ་འགྱོ་ནི་གི་ ཉེན་ཁ་དེ་ ཉུང་སུ་ཅིག་ལས་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐ་ལུ་ དཔལ་འབྱོར་གྱི་ དཀའ་ངལ་ལུ་བརྟེན་ཏེ་ བཞེས་སྒོ་གནང་དགོ་པའི་ ངོ་རྒོལ་འགྲེམ་སྟོན།

ཟི་ནི་འུཛ།ཤྲཱི་ལངྐ་ལུ་ དཔལ་འབྱོར་གྱི་ དཀའ་ངལ་དེ་ ཉིནམ་གཅིག་བ་ཉིནམ་གཅིག་ སྐྱོ་དྲགས་སྦེ་ ཐལ་དོ་ཡོདཔ་ལས་ ལཱ་གཡོག་མེད་མི་ཚུ་རྩིས་ཏེ་ མི་སེར་ལེ་ཤ་ཅིག་གིས་ གཞུང་ལས་ ཉིན་རེར་བཞེས་སྒོ་དུས་ཕོག་ ༢ རེ་ གནང་དགོཔ་སྦེ་ ངོ་རྒོལ་འབདཝ་ཨིན་པས།རྒྱལ་ཁབ་དེ་ནང་ ཉིན་བསྟར་གླ་ཆའི་གུ་ ལཱ་འབད་མི་དང་ ད་ལྟོ་འབྱུང་བཞིན་དུ་ཡོད་མི་ དཔལ་འབྱོར་གྱི་ དཀའ་ངལ་ལུ་བརྟེན་ཏེ་ ལཱ་གཡོག་བྱང་མི་ མི་སེར་བརྒྱ་ཕྲག་ལེ་ཤ་ཅིག་གིས་ རྒྱལ་ས་ཀོ་ལོམ་བོ་ལུ་ གཞི་རྟེན་བློ་གཏད་ཚོགས་པ་ལས་ བཞེས་སྒོ་འཐོབ་ཐབས་ལུ་ གྱལ་རིངམོ་སྦེ་སྒྲིག་སྟེ་ སྡོད་དོ་ཡོདཔ་ད་ གཞི་རྟེན་བློ་གཏད་ཚོགས་པ་གིས་ དེ་བཟུམ་མའི་ བཞེས་སྒོ་བཀྲམ་སྤེལ་ལས་རིམ་དེ་ སྤྱི་ཟླ་ ༤ པའི་ཚེས་ ༩ ལས་ འགོ་བཙུགས་ནུག།དེ་མ་ཚད་ སྲིད་འཛིན་གྱིས་ མི་སེར་བདག་འཛིན་འཐབ་ནི་དང་ རྒྱལ་ཁབ་སྐྱོང་ནིའི་ནང་ འཐུས་ཤོར་བྱུང་ཡོདཔ་ལས་ དགོངས་ཞུ་འབད་དགོཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཀོ་རི་ཡ་ལུ་ ནད་ཡམས་ཀོ་ཝིཌ་-༡༩ གི་དོན་ལས་ སྔར་སྲོལ་ལམ་ལུགས་ཀྱི་སྨན་བཅོས།

བི་བི་སི།སྤྱི་ལོ་ ༢༠༢༠ ལས་ ནད་ཡམས་ཀོ་ཝིཌ་-༡༩ བཀག་ཐབས་ལུ་ བྱང་ཀོ་རི་ཡ་གིས་ རྒྱལ་སྤྱིའི་ས་མཚམས་ཚུ་ སྒོ་བསྡམས་ཏེ་ རྒྱལ་ཁབ་རང་རྐྱང་ཐོག་ལུ་ གནས་ཡོདཔ་མ་ཚད་ ཕྱི་ཁ་ལས་ གསོ་བའི་རྒྱབ་སྐྱོར་ཚུ་ཡང་ མ་ལེནམ་ཨིན་པས།ཨིན་རུང་ ད་རེས་ནངས་པར་ ནད་ཡམས་དེ་ དར་ཁྱབ་འགྱོཝ་ལས་ ནདཔ་ཚབས་ཆེན་མིན་མི་ཚུ་གིས་ སྔར་སྲོལ་ལམ་ལུགས་ཐོག་ལུ་ ཇ་ནང་ས་སྒ་དང་ སྦྱང་བླུགས་ཏེ་ འཐུང་དགོ་པའི་གུ་ ལྕང་ཤིང་འདབས་མའི་ ཁུ་བ་ཡང་ འཐུང་པ་ཅིན་ ཕན་ཐོགས་ཡོདཔ་སྦེ་ གཞུང་གི་ཁ་ཐུག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།དེ་མ་ཚད་ བྱང་ཀོ་རི་ཡའི་དབུ་ཁྲིད་ ཀིམ་ཇོང་ཨཱན་གྱིས་ རྒྱལ་ཁབ་མཐའ་དབུས་གེ་རའི་ནང་ འགྲོ་འགྲུལ་བཀག་དམ་འབད་དགོཔ་སྦེ་ ཁ་རས་རྐྱབ་སྟེ་ མི་མང་གི་གདོང་ཁར་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་དྷི་ལི་ལུ་ ཐོག་ཚད་ ༤ འབད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུངམ་ལས་ མི་ ༢༧ ལུ་ ཤི་རྐྱེན་དང་ ༡༢ ལུ་རྨ་སྐྱོན།

ཨིན་ཌི་ཡ་ཊུ་ཌེ།སྤྱི་ཟླ་ ༥ པའི་ཚེས་ ༡༣ གྱི་ ཕྱི་རོ་ཁམས་ཅིག་ཁར་ རྒྱ་གར་དྷི་ལི་ལུ་ ཐོག་ཚད་ ༤ འབད་མི་ འཕྲུལ་ཁང་གི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུངམ་ལས་ མི་ ༢༧ ལུ་ ཤི་རྐྱེན་དང་ ༡༢ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་མ་ཚད་ མི་གྲངས་ ༡༩ དེ་ཅིག་ཡང་ བྱང་སྟོར་ཤོར་ཡོདཔ་ད་ མི་ལ་ལོ་ཅིག་ ནང་དོག་པའི་སྟབས་ཀྱིས་ རང་སོའི་ཚེ་སྲོག་ སྲུང་སྐྱོབ་འབད་ཐབས་ལུ་ སྒོ་ཅུང་ནང་ལས་ཡང་ མཆོངས་ཡོདཔ་ཨིན་པས།ག་དེ་སྦེ་ཨིན་རུང་ མེ་རྐྱེན་བྱུང་མིའི་ འཕྲུལ་ཁང་གི་ ཇོ་བདག་ ༢ དྷི་ལི་ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སྣུམ་འཁོར་བཱཛ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་ ༤ ལུ་ ཤི་རྐྱེན་དང་ ༢༠ ལུ་རྨ་སྐྱོན།

ཨིན་ཌི་ཡ་ཊུ་ཌེ།སྤྱི་ཟླ་ ༥ པའི་ཚེས་ ༡༣ ལུ་ གནས་སྐོརཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་ ༤ ལུ་ ཤི་རྐྱེན་དང་ ༢༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ རྒྱ་གར་གྱི་ས་གནས་ ཀ་ཊ་ར་ལས་ ཇ་མུ་ལུ་ འགྲུལ་བསྐྱོད་འབད་བའི་ལམ་ཁར་ བྱུང་ཡོདཔ་ད་ མེ་དེ་ དང་པ་ར་ སྣུམ་འཁོར་བཱཛ་གི་ འཕྲུལ་ཨམ་གུ་ལས་ འབར་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

སི་ལོ་ཝེ་ནི་ཡའི་ རྫས་སྦྱོར་འཕྲུལ་ཁང་ཅིག་ནང་ མེ་རྫས་ཅིག་འགས་ཏེ་ མི་ ༦ ལུ་ཤི་རྐྱེན།

རེའུ་ཊརཛ།སྤྱི་ཟླ་ ༥ པའི་ཚེས་ ༡༣ ལུ་ སི་ལོ་ཝེ་ནི་ཡའི་ ཤར་ལྷོ་ཁ་ཐུག་ལུ་ རྫས་སྦྱོར་འཕྲུལ་ཁང་ཅིག་ནང་ མེ་རྫས་ཅིག་ འགས་པའི་རྐྱེན་གྱིས་ མི་གྲངས་ ༦ ལུ་ ཤི་རྐྱེན་དང་ ༥ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།ནག་ཁམས་ཟེར་མི་ རྫས་སྦྱོར་དེ་ཡང་ རྩི་ཚོན་དང་ འགྱིབ་ དེ་ལས་ གཞན་ཡང་ བཟོ་གྲྭ་ལེ་ཤ་ཅིག་ནང་ ལག་ལེན་འཐབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ཀུ་ཡིནཛ་ལེན་ལུ་ ཆུ་རུད་ཀྱི་ཉེན་ཁ།

བི་བི་སི་ཨཱཛ་ཊེ་ལི་ཡའི་ ཀུ་ཡིནཛ་ལེན་ མངའ་སྡེའི་ནང་ ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ སྡོད་ཁྱིམ་མང་རབས་ཅིག་ སྟོངམ་གཏོན་དགོ་པའི་སྐོར་ལས་ ཉེན་བརྡ་འབད་ནུག།དེ་ཡང་ ཆུ་རུད་ལུ་བརྟེན་ཏེ་ མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ རླུང་འཚུབ་དེ་ཡང་ བི་རིཛ་བེན་གྱིས་གཙོས་པའི་ ཀུ་ཡིནཛ་ལེན་གྱི་ ཤར་ལྷོ་ཁ་ཐུག་ལུ་ ཁ་འགྱུར་ཡོདཔ་ཨིན་པས།ཆུ་རུད་དེ་ཡང་ མང་ཤོས་ཅིག་ བི་རིཛ་བེན་གྱི་ ཁྲོམ་སྡེ་དག་པ་ཅིག་ནང་ ཐོན་ཡོདཔ་བཞིན་དུ་ འཁོར་ལམ་ཚུ་ལུ་ གནོད་སྐྱོན་བྱུང་པའི་ཁར་ སྡོད་ཁྱིམ་ ༢༦༠ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ དམག་དཔུང་ཚུ་ ཕྱིར་བཏོན་མ་འབད་ཚུན་ ཡུ་ཀེ་རེན་གྱིས་ དམག་འཛིང་མཚམས་འཇོག་མི་འབད་ནི།

ཨཱལ་ཇ་ཟི་ར།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀེ་གིས་འབད་བ་ཅིན་ ར་ཤི་ཡ་གིས་ དབང་སྟེ་ཡོད་མི་ ས་ཁོངས་ནང་ ཁོང་གི་དམག་དཔུང་ཚུ་ འཕྲོ་མཐུད་དེ་ར་ སྡོད་ནི་ལུ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ངོས་ལན་འབད་ཐབས་མེད་ཟེར་ཨིན་མས།དེ་ཡང་ འགོ་རིམ་དང་པའི་ འཐབ་འཛིང་ནང་ ར་ཤི་ཡ་གིས་ བཟང་བཅོམ་འབད་མི་དེ་ ཡུ་ཀེ་རེན་ དམག་སྡེ་གིས་ བཀག་ཆ་འབད་དེ་ཡོད་ལུགས་དང་ འགོ་རིམ་ ༢ པའི་ནང་ ར་ཤི་ཡའི་ དམག་དཔུང་ཚུ་ ཡུ་ཀེ་རེན་གྱི་ ས་ཁོངས་ནང་ལས་ ཕྱིར་བཏོན་འབད་ནི་ འགོ་རིམ་ ༣ པའི་ནང་ ཡུ་ཀེ་རེན་གྱི་ མངའ་ཁོངས་དེ་ གཅིག་འགྱུར་ཐོག་ལས་ ཉམས་གསོ་འབད་ནི་ལུ་ དང་ལེན་འབད་ནི་ཨིན་ཟེར་བཤད་ནུག།དེ་མ་ཚད་ ར་ཤི་ཡའི དམག་དཔུང་ཚུ་ ད་ལྟོའི་ས་ཁོངས་དེ་ནང་ འཕྲོ་མཐུད་དེ་ར་ སྡོད་ནི་ཨིན་པ་ཅིན་ དམག་འཛིང་མཚམས་འཇོག་གི་ སྒྲིག་ཆ་འབད་ནི་དེ་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་པས།ག་དེ་སྦེ་ཨིན་རུང་ ཡུ་ཀེ་རེན་གྱིས་ དམག་འཁྲུག་དེ་ མཇུག་བསྡུ་ཐབས་ལུ་ ར་ཤི་ཡའི་སྲིད་འཛིན་ པུ༌ཊིན༌དང་ ངོ་འཛོམས་ཐོག་ལས་ བདེ་སྒྲིག་འབད་ནི་ལུ་ གཙོ་བོར་བཏོནམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཀུས་བཱ་ལུ་ རྫས་རླུང་འགས་ཏེ་ མི་གྲངས་ ༢༥ ལུ་ ཤི་རྐྱེན་དང་ ༦༠ ལུ་རྨ་སྐྱོན།

བི་བི་སི།སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཀུས་བཱའི་ས་གནས་ ཧེ་ཝ་ན་ཟེར་སར་ ཁྱད་འཕགས་ཅན་གྱི་ བཟའ་ཁང་སྦོམ་ཅིག་ནང་ རྫས་རླུང་འགས་པའི་ རྐྱེན་ངན་ནང་ མི་གྲངས་ ༢༥ ལུ་ ཤི་རྐྱེན་དང་ ༦༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་སྟེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།དེ་ཡང་ བཟའ་ཁང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ རྫས་རླུང་གེཛ་འབག་མི་ སྣུམ་འཁོར་ཅིག་ བཀག་བཞག་མིའི་ནང་ལས་ རྫས་རླུང་གེཛ་འགས་ཏེ་ ཁྱིམ་ཐོག་ལེ་ཤ་ཅིག་ གཏོར་བཏང་ནུག་ཟེར་ཨིན་པས།སྲོག་སྐྱབས་འབད་ཚུ་གིས་ སྲོག་སྐྱབས་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་འབད་དོ་ཡོདཔ་ད་ རྒྱལ་རབས་ཅན་གྱི་ ཁྱད་འཕགས་བཟའ་ཁང་དེ་ གྱང་ཁོག་ཅིག་ལུ་ གྱུར་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 34 Today: 209 Total visitors: 2886