ArchiveAboutContact

Archive

Browse by month

11304 stories

World News

རྒྱ་གར་ལུ་ བཙག་འཐུའི་དོན་ལས་ དངུལ་ཁང་ཚུ་གི་ འགན་ལེན་ཡི་གུ་བཀག་དམ།

ཨཱལ་ཇ་ཟི་ར། རྒྱ་གར་གྱི་ མངོན་མཐོ་ཁྲིམས་འདུན་ལས་ བཙག་འཐུའི་ཞལ་འདེབས་ཀྱི་དོན་ལུ་ དངུལ་ཁང་ལྟེ་བ་ཚུ་གིས་ འགན་ལེན་ཡི་གུ་སྤྲོད་ནི་གི་ ལམ་ལུགས་དེ་ བཀག་དམ་འབད་ཡོདཔ་ལས་ རྒྱལ་ཁབ་ནང་ རྒྱལ་ཡོངས་བཙག་འཐུ་ འགོ་འདྲེན་འཐབ་རན་མི་ སྲིད་དོན་བྱ་སྒོའི་ནང་ བྱ་སྟབས་མ་བདེཝ་ འཐོན་སྲིད་ནི་ཨིན་པས།དེ་ཡང་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་བདུན་གྱི་ཧེ་མར་ བཙག་འཐུའི་འགན་ལེན་ གཞི་བཙུགས་འབད་མི་ བློན་ཆེན་མོ་དི་གི་ ཇཱན་ཏ་སྲིད་ཚོགས་ལུ་ འཁྲུན་ཆོད་དེ་གིས་ གནོད་སྐྱོན་འབྱུང་འོང་ཟེར་ཨིན་པས།ཨིན་རུང་ ཇཱན་ཏ་སྲིད་ཚོགས་ཀྱིས་ སྤྱི་ཟླ་ ༣ པ་དང་ ༥ པའི་བར་ན་ འགོ་འདྲེན་འཐབ་ནི་ཨིན་མི་ དུས་སྐབས་ནང་ འཁྲུན་ཆོད་དེ་གིས་ གནོད་པ་མི་འབྱུང་ཟེར་ བཤད་དོ་ཡོདཔ་ད་ དེ་བསྒང་ བློན་ཆེན་མོ་དི་གིས་ ལོག་སྟེ་ར་ དགོ་འགྲན་འབད་ནི་ཨིན་པས།མ་གཞི་ མངོན་མཐོའི་ཁྲིམས་འདུན་ལས་ དེ་བཟུམ་མའི་ ལམ་ལུགས་དེ་ རྩ་ཁྲིམས་ཆེན་མོ་དང་མ་འཁྲིལ་བའི་ གཞི་གནས་ཅིག་ཨིན་པའི་ཁར་ དངུལ་ཁང་ལུ་ཡང་ དེ་བཟུམ་མའི་ འགན་ལེན་མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་གྱི་ ས་མཚམས་ཁར་ པ་ཀིཛ་ཏཱན་གྱི་ གནམ་གྲུ་ཆུང་བ་ཌཱོན་ཚུ་འཕུར་འགྲུལ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ རྒྱ་གར་ཇ་མུ་དང་ ཀཤ་མིར་གྱི་ ས་མཚམས་ཁར་ པ་ཀིཛ་ཏཱན་གྱི་ མཁའ་དམག་གནམ་གྲུ་ཆུང་བ་ཌཱོན་ཚུ་ རྒྱ་གར་གྱི་ མཁའ་དབྱིངས་ལུ་ འཕུར་སར་མཐོངམ་ལས་ སྲུང་སྐྱོབ་དམག་མི་ཚུ་གིས་ ཀྲོབ་མདའ་རྐྱབ་ནི་གི་ རྩིས་རྐྱབ་ད་ ལོག་སྟེ་ར་ པ་ཀིཛ་ཏཱན་ལུ་ འཕུར་ཡར་སོང་ཡི་ཟེར་ཨིན་པས།དེ་བཟུམ་སྦེ་ ས་གནས་དུལ་པུར་ཟེར་སར་ཡང་ གནམ་གྲུ་ཆུང་བ་ ཌཱོན་དག་པ་ཅིག་ གནམ་ཁར་འཕུར་སར་ མཐོང་ཡོདཔ་མ་ཚད་ སྤྱི་ཟླ་ ༢ པའི་ཚེས་ ༡༢ ལུ་ཡང་ ས་གནས་མཱན་ཀོ་ཊེ་ལུ་ བྱང་ཕྱད་ཀྱི་ཌཱོན་ཅིག་ འཕུར་སར་མཐོང་སྟེ་ རྒྱ་གར་གྱི་ དམག་མི་ཚུ་གིས་ ཀྲོབ་མདའ་རྐྱབ་ནུག།ཇ་མུ་དང་ ཀཤ་མིར་གྱི་ ཁྲིམས་སྲུང་འགག་སྡེ་གིས་ ཁོང་གི་ས་མཚམས་ཁར་ མཚོན་ཆ་དང་ སྨྱོ་རྫས་བཀོག་མི་ ཌོན་ཚུ་གི་སྐོར་ལས་ བརྡ་སྤྲོད་འབད་མི་ལུ་ རུ་པི་འབུམ་ ༣ གསོལ་རས་བྱིན་ནི་ཨིན་པའི་ གསལ་བསྒྲགས་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨི་ཇིབ་ཀྱིས་ ག་ཟའི་ས་མཚམས་བདའ་སྟེ་ རྩིགཔ་རྐྱབ་དོ་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ ཨིཛ་རེལ་གྱིས་ ས་གནས་ར་ཕཱ་ལུ་ དམག་རྐྱབ་ནི་གི་ འཆར་གཞི་བརྩམ་མི་ལུ་བརྟེན་ཏེ་ ཚ་གྱང་ཐོག་ལས་ ཨི་ཇིབ་ཀྱིས་ ལྷོ་ཕྱོགས་ག་ཟའི་ ས་མཚམས་བདའ་སྟེ་ བར་གླིང་བཞག་ཐོག་ལས་ རྩིགཔ་རྐྱབ་དོ་ཡོདཔ་ཨིན་པས།ས་གནས་ར་ཕཱ་ཟེར་མིའི་ནང་ ག་ཟའི་མི་རློབས་ཕྱེད་ཀ་དེ་ཅིག་ སྐྱབས་བཅོལ་ཐོག་ལུ་ཡོདཔ་ད་ འཕྲུལ་སྐར་གྱིས་ བསྡུ་ལེན་འབད་མི་ དཔར་ཚུ་ནང་ ཨིཇིབ་དང་ ག་ཟའི་བར་ན་ཡོད་མི་ འཁོར་ལམ་ཚུ་ཡང་ རྩིགཔ་རྐྱབ་ནི་གི་དོན་ལས་ བརྡལ་སར་མཐོངམ་ཨིན་པས།གལ་སྲིད་ ག་ཟའི་ས་མཚམས་ལས་ མེ་ཌི་ཊེ་རི་ནི་ཡཱན་ རྒྱ་མཚོ་ཚུན་ རྩིགཔ་རྐྱབ་པ་ཅིན་ བར་གླིང་དེ་གིས་ ཨི་ཇིབ་དང་ ག་ཟའི་བར་ན་ ས་མཚམས་རྒལ་སའི་ ས་གོ་མེདཔ་ འགྱོ་ནི་ཨིན་པས།མཐོ་ཚད་མི་ཊར་ ༥ འབད་མི་ རྩིགཔ་དེ་ཡང་ ཨི་ཇིབ་དྲག་པོའི་དམག་སྡེ་གིས་ གཞི་བཙུགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཏ་ཡེ་ཝཱན་ རྒྱ་མཚོའི་ནང་ རྒྱ་ནག་གི་ ཉ་བཟུང་མི་ ༢ ལུ་ཤི་རྐྱེན།

བི་བི་སི། རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་བར་ན་ མཐུན་ལམ་ལེགས་ཤོམ་མེད་པའི་ དུས་སྐབས་ནང་ སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ བྱང་ཕྱོགས་ཏ་ཡེ་ཝཱན་གྱི་ རྒྱ་མཚོའི་ནང་ རྒྱ་ནག་གི་ ཉ་བཟུང་མི་གྲུ་ཅིག་ ཏ་ཡེ་ཝཱན་གྱི་ མཚོ་འགྲམ་སྲུང་སྐྱོབ་དམག་མི་ཚུ་གིས་ བདའ་འགྱོ་བའི་སྐབས་ལུ་ ཉ་བཟུང་གྲུ་དེ་ རྒྱ་མཚོའི་ནང་ ཐིམས་སོངཔ་ལས་ རྒྱ་ནག་གི་ ཉ་བཟུང་མི་ ༤ ལས་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་ཡང་ ཉ་བཟུང་མི་གྲུ་དེ་ ཏའེ་ཝཱན་གྱི་ མངའ་ཁོངས་ལུ་ཚུད་མི་ རྒྱ་མཚོའི་ནང་ ཧམ་འཛུལ་འབད་ཡོདཔ་ལས་ ཏ་ཡེ་ཝཱན་གྱི་ མཚོ་འགྲམ་སྲུང་སྐྱོབ་དམག་མི་གིས་ ཉེན་བརྡ་འབད་རུང་ ངོས་ལེན་འབད་མ་བཏུབ་པ་ལུ་བརྟེན་ཏེ་ བདའ་སོང་ནུག།གདན་དོན་དེ་གི་སྐོར་ལས་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱིས་ མ་བདེན་པའི་ རྫུན་གཏམ་བཤད་ཐོག་ལས་ རྒྱ་ནག་གི་ ཉ་བཟུང་མི་གྲུ་ཚུ་ ཐབས་ལམ་ཉེན་ཁ་ཅན་དང་ ཚབས་ཆེན་གྱི་སྒོ་ལས་ འཛིན་བཟུང་འབད་ནི་གི་ རྩིས་རྐྱབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 18 Today: 2302 Total visitors: 24498