ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

མི་རྗེ་བློན་ཆེན་གྱིས་ འཛམ་གླིང་དྲན་ཚོར་བཟའ་ཆས་རིམ་ལུགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ འགོ་འབྱེད་ནང་གྲལ་གཏོགས།

མི་རྗེ་བློན་ཆེན་གྱིས་ སྤ་རོ་ལུ་ འགོ་འདྲེན་འཐབ་མི་ འཛམ་གླིང་དྲན་ཚོར་བཟའ་ཆས་རིམ་ལུགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ འགོ་འབྱེད་རྟེན་འབྲེལ་ནང་ གྲལ་གཏོགས་མཛད་ནུག། ཞལ་འཛོམས་དེ་ནང་ འབྲུག་མི་དང་ འཛམ་གླིང་རྒྱལ་ཁབ་ ༦༠ ལྷགཔ་ཅིག་ལས་ རྒྱལ་སྤྱིའི་གྲལ་གཏོགས་པ་ཚུ་རྩིས་ཏེ་ མི་གྲངས་ ༤༠༠ ལྷགཔ་ཅིག་ཡོད་མིའི་གྲས་ཁར་ ཤྲཱི་ལངྐའི་བློན་ཆེན་ ཌོག་ཊར་ཧ་རི་ནི་ ཨ་མ་ར་སུ་རི་ཡ་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ བཱན་ཀི་མུན་ དེ་ལས་ ཨི་ཡར་ལེན་གྱི་ སྲིད་འཛིན་བགྲེསཔ་ མེ་རི་རོ་བིན་སཱན་ཚུ་ཡོདཔ་ཨིན་པས། དབུ་ཁྲིད་ཞལ་འཛོམས་དེ་ སྤྱི་ཟླ་ ༨ པའི་ཚེས་ ༣༡ ལས་ སྤྱི་ཟླ་ ༩ པའི་ཚེས་ ༤ ཚུན་ ཉིན་གྲངས་ ༥ གི་རིང་ལུ་ ཚོགས་གནང་ཡོདཔ་ད་ དེ་ཡང་ བཟའ་ཆས་རིམ་ལུགས་གཞི་སྒྱུར་གྱི་ དོན་གྱི་སྙིང་པོ་ ལག་ལེན་ཟེར་བའི་ བརྗོད་དོན་ཐོག་ལུ་ འབྲུག་གཞུང་དང་ དྲན་ཚོར་བཟའ་ཆས་རིམ་ལུགས་ཚོགས་པ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་ཚུ་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནུག།

National News

འབྲུག་གིས་ ནེ་པཱལ་ལུ་ ཆུ་རུད་ཀྱི་ གནོད་སྐྱོན་རྒུད་གསོའི་དོན་ལུ་ རྒྱ་གར་གྱི་ རུ་པི་ས་ཡ་ ༡༠༠ ཞལ་འདེབས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༢༦ ལུ་ ནེ་པཱལ་ལུ་ ཆུ་རུད་ཀྱི་ རྐྱེན་ངན་ཚབས་ཆེན་བྱུང་སྟེ་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་དང་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་ལྟར་དུ་ འབྲུག་གི་ཁ་ཐུག་ལས་ ནེ་པཱལ་བློན་ཆེན་གྱི་ རྒུད་གསོའི་མ་དངུལ་དོན་ལུ་ རྒྱ་གར་གྱི་ རུ་པི་ས་ཡ་ ༡༠༠ ཞལ་འདེབས་སྦེ་ གནང་ཡོདཔ་ཨིན་པས། དེ་ཡང་ ནེ་པཱལ་གྱི་ དཀའ་སྡུག་ཅན་གྱི་ དུས་སྐབས་འདི་ཁར་ ནེ་པཱལ་གྱི་གཞུང་དང་ མི་སེར་ཚུ་ལུ་ གཅིག་སྒྲིལ་དང་ མཛའ་བཤེས་ཀྱི་ཚུལ་ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཡུན་རིང་གི་བར་ན་གནསམི་ མཐུན་ལམ་ཟབ་མོའི་ བརྡ་མཚོན་སྟོན་ནུག།

National News

མི་དབང་མངའ་ཞབས་ལས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ཚུ་ལུ་ བཀྲིས་ལེགས་དར་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ བཀབ་ནེ་ལི་ཝང་གནང་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ དེ་ལས་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ཚུ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་ཚུ་ གནང་ཡོདཔ་མ་ཚད་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ཡང་ བཀབ་ནེ་ལི་ཝང་ གནང་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གསརཔ་ བསྟན་པ་རྡོ་རྗེ་དེ་ ཧེ་མའི་ཚོགས་དཔོན་ དགོངས་ཞུ་འབད་བའི་ཤུལ་ལས་ སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ རྒྱལ་ཡོངས་ཚོགས་འདུའི་ དམིགས་བསལ་ལྷན་བཞུགས་ནང་ལས་ བཙག་འཐུ་གྲུབ་ནུག། ལྷན་རྒྱས་གཞུང་ཚོགས་ནང་ ནང་སྲིད་བློན་པོ་གསརཔ་ ལུང་བསྟན་རྡོ་རྗེ་ བསྐོ་བཞག་གནང་ཡོདཔ་དང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་གསརཔ་དེ་ བསོད་ནམས་བཀྲིས་ བསྐོ་བཞག་གནང་ཡོདཔ་ཨིན་པས། དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲག་ཤོས་པདྨ་ཚེ་དབང་ལུ་ཡང་ བཀབ་ནེ་ལི་ཝང་ གནང་ཡོད་པའི་གནས་ཚུལ།

National News

མཐོ་རིམ་སློབ་གྲྭ་གསུམ་གྱི་ གཙོ་འཛིན་གསརཔ་ཚུ་ བསྐོ་བཞག་གི་ རྟེན་འབྲེལ་བརྩིས་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༡༧ ལུ་ གཙུག་ལག་གཙོ་འཛིན་འོག་མའི་ ཡིག་ཚང་ནང་སྦེ་ མཐོ་རིམ་སློབ་གྲྭ་གསུམ་གྱི་ གཙོ་འཛིན་གསརཔ་ཚུ་ བསྐོ་བཞག་གི་ རྟེན་འབྲེལ་བརྩིས་ཡོདཔ་ཨིན་པས། དེ་ཡང་ མཁས་དབང་བསོད་ནམས་བཀྲིས་དེ་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭའི་ གཙོ་འཛིན་དང་ མཁས་དབང་ཕུན་ཚོགས་དབང་འདུས་དེ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ དེ་ལས་ ཀུན་བཟང་རྒྱལ་མཚན་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ གཙོ་འཛིན་སྦེ་ བསྐོ་བཞག་འབད་ནུག།

National News

མི་སྟོབས་གོང་འཕེལ་ལས་འགུལ་གྱི་དོན་ལུ་ སློབ་གཉེར་གྲོགས་རམ་གྱི་ དྲན་ཐོ་བརྗེ་སོར་གུ་ མཚན་རྟགས་བཀོད་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ རྒྱ་པཱན་རྒྱལ་ཁབ་ཀྱི་དོན་ལུ་ འབྲུག་གི་སྐུ་ཚབ་ ཝི་རྣམ་རྒྱལ་དང་ འབྲུག་གི་དོན་ལུ་ རྒྱ་པཱན་གྱི་སྐུ་ཚབ་ ཀེ་ཨི་ཅི་ཨོ་ནོ་གིས་ ནིའུ་དིལླི་ལུ་སྦེ་ མི་སྟོབས་གོང་འཕེལ་ལས་འགུལ་གྱི་དོན་ལས་ དྲན་ཐོ་བརྗེ་སོར་གུ་ མཚན་རྟགས་བཀོད་ནུག། ཆིངས་ཡིག་དེ་གི་འོག་ལུ་ རྒྱ་པཱན་གཞུང་གིས་ འབྲུག་གཞུང་ལུ་ གཞུང་གཡོག་ནང་གི་ ན་གཞོན་འགོ་དཔོན་བདུན་གྱིས་ རྒྱ་པཱན་གྱི་ གཙུག་ལག་སློབ་སྡེ་ཚུ་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་ནིའི་དོན་ལས་ རྒྱ་པཱན་གྱི་ཏི་རུ་ ཡེན་ས་ཡ་ ༡༧༡ དེ་ཅིག་ རྒྱབ་སྐྱོར་སྦེ་ བྱིན་ནི་ཨིན་པས། དེ་ཡང་ མི་སྟོབས་གོང་འཕེལ་གྱི་ སློབ་གཉེར་གྲོགས་རམ་ལས་འགུལ་ གོ་རིམ་གསུམ་པའི་འོག་ལུ་ དྲན་ཐོ་བརྗེ་སོར་དང་པ་ཨིནམ་ད་ དྲན་ཐོ་བརྗེ་སོར་དང་པ་དེ་ སྤྱི་ལོ་ ༢༠༡༨ ལོར་ ཐིམ་ཕུ་ལུ་སྦེ་ རྒྱ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏཱ་རོ་ཀོ་ནོ་གི་ གཟིགས་སྐོར་སྐབས་ལུ་ མཚན་རྟགས་བཀོད་ནུག།

National News

རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གི་ འགོ་འདྲེན་ཐོག་ལས་ མཆོད་རྟེན་ ༡༠༨ ཀྱི་དོན་ལུ་ མི་མང་ལས་ མ་དངུལ་བསྡུ་བླང་།

འབྲུག་རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ དགེ་ལེགས་ཕུག་ལུ་ མའོ་ཆུ་གཙང་ཆུ་བདའ་སྟེ་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་ནི་ཨིན་མིའི་དོན་ལུ་ མ་དངུལ་བསྡུ་ལེན་ བརྩོན་ཤུགས་ཀྱི་ཆ་ཤས་སྦེ་ མི་མང་ལས་ མ་དངུལ་བསྡུ་བླང་གི་ གསལ་བསྒྲགས་ཐོག་ལུ་ རྒྱལ་ཁབ་ནང་འཁོད་ལས་ དངུལ་ཀྲམ་ས་ཡ་ ༢༨.༣༤ དེ་ཅིག་ བསྡུ་བླངས་འབད་ནུག། དེ་ཡང་ མཆོད་རྟེན་ ༡༠༨ ཀྱི་ ལས་འགུལ་སྡེ་ཚན་གྱིས་ མི་མང་ལས་ མ་དངུལ་བསྡུ་བླངས་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ ཕྱི་རུའི་ཆུ་ཚོད་ ༥ ལས་ མཚམས་འཇོག་འབད་ནི་གི་ གསལ་བསྒྲགས་འབད་བའི་ཤུལ་ལས་ ཉིན་གྲངས་དག་པ་ཅིག་ནང་ར་ མ་དངུལ་ཞལ་འདེབས་ཕུལ་མི་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ཨིན་པས། སྤྱི་ཟླ་ ༨ པའི་ཚེས་ ༡༧ ཚུན་འབད་བ་ཅིན་ བསྡུ་བླང་གི་ གསལ་བསྒྲགས་ཐོག་ལས་ དངུལ་ཀྲམ་ས་ཡ་ ༡༧.༡ དེ་ཅིག་ལས་ མ་ཐོབ་རུང་ ཉིན་གྲངས་ ༤ གི་ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་ ༡༡.༢ དེ་ཅིག་ཐོབ་ནུག། […]

National News

རྒྱ་པཱན་མེ་ལོ་ཌི་ ཨིན་ཊར་ནེ་ཤ་ནཱལ་ཚད་འཛིན་གྱིས་ སྐྱེས་མ་དང་ མངལ་སྦྲུམ་གྱི་ འཕྲོད་བསྟེན་བཙན་ཐབས་ལུ་ མངལ་སྒོའི་རྒྱུས་སྐུམ་དང་ ཨ་ལོའི་དོན་ཧིང་སྤར་ཚད་ཚུ་ བལྟ་རྟོག་གི་ སྒུལ་ཅན་འཕྲུལ་ཆས་ ༢༠ བྱིན་ཡོདཔ།

པདྨ་དབང་འདུས། རྒྱ་པཱན་གྱི་ མེ་ལོ་ཌི་ ཨིན་ཊར་ནེ་ཤ་ནཱལ་ཚད་འཛིན་གྱིས་ འབྲུག་གཞུང་གསོ་བའི་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་ ༡༠.༨ གནས་པའི་ སྐྱེས་མ་དང་ མངལ་སྦྲུམ་གྱི་ འཕྲོད་བསྟེན་བཙན་ཐབས་ལུ་ མངལ་སྒོའི་རྒྱུས་སྐུམ་དང་ ཨ་ལོའི་དོན་ཧིང་སྤར་ཚད་ཚུ་ བལྟ་རྟོག་གི་ སྒུལ་ཅན་འཕྲུལ་ཆས་ ༢༠ གྲོགས་རམ་སྦེ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས། འཕྲུལ་ཆས་དེ་ཚུ་ འགོ་ཐོག་ལུ་ རྒྱ་པཱན་གཞུང་གི་ དཔལ་འབྱོར་ཚོང་འབྲེལ་དང་ བཟོ་གྲྭ་ལྷན་ཁག་གིས་ མེ་ལོ་ཌི་ ཨིན་ཊར་ནེ་ཤ་ནཱལ་ཚད་འཛིན་བརྒྱུད་དེ་ འབྲུག་གི་གསོ་བའི་ལྷན་ཁག་འོག་གི་ གསོ་བའི་བརྡ་དོན་དང་ ཞིབ་འཚོལ་ལས་ཚན་ལུ་ ཨང་ཅན་རིག་རྩལ་ལུ་ གཞི་བརྟེན་པའི་ ཞིབ་འཚོལ་ཐོག་ལས་ སྐྱེས་མ་དང་ མངལ་སྦྲུམ་གྱི་ གནད་སྡུད་ཚུ་ གོ་དོན་འགྲེལ་བཤད་འབད་ནིའི་ ལས་འགུལ་གྱི་དོན་ལུ་ བྱིན་ཡོདཔ་ད་ ཞིབ་འཚོལ་གྱི་ལས་འགུལ་ མཇུག་བསྡུ་བའི་ཤུལ་ འབྲུག་གཞུང་གསོ་བའི་ལྷན་ཁག་ལུ་ རྩིས་སྤྲོད་འབད་ནུག།

National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཧི་ར་པ་ཝར་དང་ སི་ཊིལ་ཚད་འཛིན་གྱི་བར་ན་ ཉི་དྲོད་གློག་མེ་ གོང་འཕེལ་གྱི་དོན་ལུ་ གོ་དོན་ཆིངས་ཡིག།

སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ རྒྱ་གར་ལུ་ཡོད་མི་ ཧི་ར་པ་ཝར་དང་ སི་ཊིལ་ཚད་འཛིན་གྱི་བར་ན་ འབྲུག་རྒྱལ་ཁབ་ནང་ ཉི་དྲོད་གློག་མེ་ གོང་འཕེལ་གྱི་དོན་ལུ་ མཉམ་འབྲེལ་གོ་སྐབས་ཚུ་ འཚོལ་ཞིབ་འབད་ནི་གི་ གོ་དོན་ཆིངས་ཡིག་ཅིག་བཟོ་ནུག། དེ་ཡང་ ཧི་ར་པ་ཝར་དང་ སི་ཊིལ་ཚད་འཛིན་གྱིས་ འབྲུག་ལུ་ མེ་ག་ཝཱཊ་ ༥༠༠ འབད་མི་ ཉི་དྲོད་གློག་མེ་ གོང་འཕེལ་གཏང་ནི་ལུ་ དང་འདོད་ཡོད་ལུགས་ཀྱི་ བརྗོད་དོན་ལྟར་དུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཧི་ར་པ་ཝར་དང་ སི་ཊིལ་ཚད་འཛིན་གཉིས་ཆ་རའི་དོན་ལུ་ སྒྲིག་བཀོད་གཞི་བཙུགས་འབད་ཡོདཔ་ཨིན་པས། འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཧི་ར་པ་ཝར་དང་ སི་ཊིལ་ཚད་འཛིན་གྱིས་ ལས་འགུལ་གཞན་གྱི་ གོ་སྐབས་ཚུ་རྩིས་ཏེ་ ཉི་དྲོད་གློག་མེ་ གོང་འཕེལ་གྱི་དོན་ལུ་ ལས་འགུལ་ཚུ་གི་ འོས་འབབ་བརྟག་ཞིབ་ཚུ་ མཉམ་འབྲེལ་ཐོག་ལས་འབད་ནི་ཨིནམ་ད་ མཉམ་འབྲེལ་དེ་གིས་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ རྒྱལ་ཁབ་ནང་ སླར་བྱུང་གློག་མེ་ རྒྱ་སྐྱེད་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དང་གཅིག་ཁར་ ཧི་ར་པ་ཝར་དང་ སི་ཊིལ་ཚད་འཛིན་གྱི་ ཁ་ཐུག་ལས་ཡང་ འབྲུག་ལུ་ སླར་བྱུང་ནུས་ཤུགས་ གོང་འཕེལ་གཏང་ནི་ལུ་ དང་འདོད་སྦོམ་ཡོད་པའི་ རྟགས་མཚན་སྟོན་ནུག།

National News

རྒྱ་གར་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ནང་ལས་ སྨན་བཅོས་ཚོང་ལཱ་སྡེ་ཚན་གྱིས་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ རྒྱ་གར་ཚོང་དང་ བཟོ་གྲྭ་ཚོངས་སྡེའི་ནང་ལས་ སྨན་ཁང་དང་ གསོ་བའི་སྐྱོང་བཞག་ལས་ཚོགས་ སྦོམ་ཤོས་ཚུ་གི་ འཐུས་མི་སྡེ་ཚན་ཅིག་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།   དེ་བསྒང་ མི་རྗེ་བློན་ཆེན་དང་ སྨན་བཅོས་ཚོང་ལཱ་སྡེ་ཚན་གྱིས་ རྒྱ་འབྲུག་ ༢ ཀྱི་བར་ན་ གསོ་བའི་སྐྱོང་བཞག་ནང་ མཉམ་འབྲེལ་བཙན་ཐབས་ཀྱི་སྐོར་ལས་ གསུང་གྲོས་གནང་པའི་ནང་གསལ་ སྨན་བཅོས་ཀྱི་དོན་ལུ་ ནདཔ་རྒྱ་གར་ལུ་ གཏང་ནི་དང་ ཁྱད་རིག་ཅན་གྱི་ གསོ་བའི་ཞབས་ཏོག་གོ་སྐབས་ དེ་ལས་ གསོ་བའི་ལས་སྡེའི་ནང་ སྔར་བ་ལྷག་པའི་ མཉམ་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་བྱུང་ནུག།   མི་རྗེ་བློན་ཆེན་གྱིས་ སྨན་བཅོས་ཚོང་ལཱ་སྡེ་ལུ་ བྱོན་ལེགས་ཡོད་ལུགས་དང་ གསོ་བའི་ལས་སྡེའི་ནང་ རྒྱ་འབྲུག་ ༢ ཀྱི་བར་ན་ ཡུན་རིང་གི་མཉམ་འབྲེལ་ལུ་ ཐུགས་ངལ་རངས་ཡོད་ལུགས་ཛུ་ གསུངས་ཡོདཔ་མ་ཚད་ སྤུས་ཚད་ཅན་གྱི་ གསོ་བའི་སྐྱོང་བཞག་ ལེགས་སྒྱུར་གཏང་ནི་དང་ འབྲུག་གི་གསོ་བའི་རིམ་ལུགས་ བཙན་ཐབས་འབད་ནི་ལུ་ ཕན་ཐབས་ཡོད་པའི་ མཉམ་འབྲེལ་ཚུ་ འཚོལ་ཞིབ་འབད་དགོཔ་ གལ་ཆེ་བའི་སྐོར་ལས་ཡང་ གསུང་གནང་ཡོད་པའི་གནས་ཚུལ།

National News

དཱན་ཏག་ལས་འགུལ་དང་ སྔོ་ལྗང་འཁོར་ལམ་ལས་སྡེ་ ༢ ཀྱི་བར་ན་ གོ་དོན་ཆིངས་ཡིག་བཟོ་ཡོདཔ།

སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ སྐྱེ་ལྡན་དང་ མཁའ་འཁོར་གནས་སྟངས་ལུ་ དྲན་ཚོར་ཅན་གྱི་ འཁོར་ལམ་བཟོ་བསྐྲུན་དང་འབྲེལ་ཏེ་ དཱན་ཏག་ལས་འགུལ་དང་ སྔོ་ལྗང་འཁོར་ལམ་ལས་སྡེ་ ༢ ཀྱི་བར་ན་ གོ་དོན་ཆིངས་ཡིག་ཅིག་བཟོ་ཡི། ཆིངས་ཡིག་ལྟར་དུ་འབད་བ་ཅིན་ འབྲུག་གི་ཉམས་ཉེན་ཅན་གྱི་ སྐྱེ་ལྡན་ས་ཁོངས་ཚུ་ ཉེན་སྲུང་གི་དོན་ལུ་དམིགས་ཏེ་ འཁོར་ལམ་བཟོ་བསྐྲུན་དང་ རྩི་ནག་གཏང་ནིའི་ནང་ གྱིབ་ཤོག་དྲ་དུམ་བཟོ་སྟེ་ ལག་ལེན་འཐབ་ནི་ཨིན་པས། གོ་དོན་ཆིངས་ཡིག་དེ་ཡང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་ དྲུང་ཆེན་དང་ ས་ཐོག་སྐྱེལ་འདྲེན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱི་ སྐུ་མདུན་ལུ་སྦེ་ མིང་རྟགས་ཚུ་ བཀོད་ཡོདཔ་ད་ མཉམ་འབྲེལ་དེ་ འབྲུག་གི་འཁོར་ལམ་བཟོ་བསྐྲུན་ཚུ་  སླར་བྱུང་འཕྲུལ་རིག་དང་ མཐའ་འཁོར་གནས་སྟངས་ཀྱི་ འགན་ཁུར་འབག་ཐོག་ལས་ ལག་ལེན་འཐབ་ནིའི་ནང་ གལ་ཆེ་བའི་ མདུན་བསྐྱོད་ཀྱི་ གནད་དོན་ཅིག་སྦེ་ ངོས་འཛིན་བྱུང་ནུག།

Online now: 2 Today: 4515 Total visitors: 7192