
གྷ་ནའི་རྒྱལ་ས་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཡོདཔ་ལས་ མི་སེར་ ༡༣ ལུ་ ཤི་རྐྱེན་བྱུང་ཡོདཔ།
བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ གྷ་ནའི་རྒྱལ་ས་ ཨ་ཀ་ར་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཡོདཔ་ལས་ མི་སེར་ ༡༣ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཉེན་སྐྱོབ་ཀྱི་ ལཱ་ཚུ་ནང་ འབྲེལ་གཏོགས་འབད་མི་ མེ་བསད་ལས་ཁུངས་ཀྱིས་ བཤད་ཡོདཔ་ཨིན་པས། དེ་ཡང་ གནམ་གཤིས་ལས་ཁུངས་ཀྱིས་ ཤར་ཁ་ཐུག་ལས་ རླུང་འཚུབ་སྦོམ་སྦེ་ར་ འཕུ་ནི་ཨིན་པའི་གུ་ ཆརཔ་ཧེང་སྐལ་ཡང་ རྐྱབ་ནི་ཨིན་པའི་ ཉེན་བརྡ་འབད་མི་ལུ་བརྟེན་ཏེ་ གཞུང་གི་ཁ་ཐུག་ལས་ མི་སེར་ཚུ་ རང་སོའི་ཁྱིམ་ནང་ར་ སྡོད་དགོ་པའི་སྐོར་ལས་དང་ ཡང་ཅིན་ ས་ཁ་མཐོ་ས་ལུ་ སྤོ་བཤུད་འབད་དགོ་པའི་ ནན་སྐུལ་ཚུ་ཡང་འབད་ནུག། གྷ་ན་རྒྱལ་ཡོངས་མེ་བསད་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆུ་རུད་ཐོན་མི་ལུ་བརྟེན་ཏེ་ སྡོད་ཁྱིམ་དང་ སྣུམ་འཁོར་ཚུ་ ཆུ་ནང་ཐོམ་སྟེ་ཡོད་པའི་གུ་ སྒྲིང་ཁྱིམ་ལེ་ཤ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་འབདཝ་ལས་ གཞུང་གིས་ ཆུ་རུད་ཐོན་ཏེ་ཡོད་མི་ ལུང་ཕྱོགས་ནང་ ཁྲིམས་སྲུང་འགག་སྡེ་དང་ མེ་བསད་ལས་སྡེ་ དྲག་པོའི་དམག་སྡེ་ དེ་ལས་ རྒྱལ་ཡོངས་རྐྱེན་ངན་འཛིན་སྐྱོང་ལས་སྡེ་ཚུ་ སྲོག་སྐྱབས་ཀྱི་དོན་ལས་ བཀྲམ་སྤེལ་འབད་ནུག། […]











