ArchiveAboutContact

Archive

Browse by month

11304 stories

National News

གཞུང་གྲྭ་ཚང་དང་ རྒྱང་བསྒྲགས་ ༣ པའི་བར་ན་ མཉམ་འབྲེལ་འགན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

གནམ་ལོ་ཤིང་འབྲུག་ལོ་ཟླཝ་ ༥ པའི་ཚེས་ ༢༡ སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ གཞུང་གྲྭ་ཚང་དང་ རྒྱང་བསྒྲགས་ ༣ པའི་བར་ན་ མཉམ་འབྲེལ་འགན་ཡིག་གུ་ མཚན་རྟགས་བཀོད་ནུག། དེ་ཡང་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ བཀོད་ཡོདཔ་ད་ དེ་བཟུམ་མའི་ མཚན་རྟགས་བཀོད་མི་དེ་ ད་ལས་ཕར་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ ཆོས་དང་ ལམ་སྲོལ་གྱི་ ལས་རིམ་ཚུ་བཟོ་སྟེ་ མི་དམངས་ལུ་ རྒྱང་བསྒྲགས་འབད་ནི་སྦེ་ཨིན་པས། དེ་མ་ཚད་ མི་སྡེ་དང་ ན་གཞོན་སློབ་ཕྲུག་ཚུ་ལུ་ཕན་པའི་ ཤེས་ཡོན་གྱི་ ལས་རིམ་ཚུ་ཡང་བཟོ་སྟེ་ རྒྱང་བསྒྲགས་འབད་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

National News

གྲྭ་ཚང་ལྷན་ཚོགས་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་བར་ན་ འགན་ཡིག་བསྐྱར་ཞིབ་གུ་ མཚན་རྟགས་བཀོད་ཡོདཔ།

རང་ལུགས་གནམ་ལོ་ཤིང་འབྲུག་ཟླཝ་ ༥ པའི་ཚེས་ ༢༡ སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ གཙོ་འཛིན་ ༢ ཀྱིས་ གཞུང་གྲྭ་ཚང་གི་ དགེ་སློང་དང་ ཨ་ཎེམོ་ཚུ་ལུ་ ནང་པའི་གསོ་རིག་སློབ་ཚོགས་ནང་ ནང་པའི་དྲུང་འཚོ་དང་ སྨན་པའི་སྦྱོང་བརྡར་གྱི་དོན་ལས་ ལོ་ངོ་ལྔའི་འགན་ཡིག་བསྐྱར་ཞིབ་གུ་ མཚན་རྟགས་བཀོད་ནུག། དེ་ཡང་ ད་ཚུན་གྱི་བར་ན་ གཞུང་གྲྭ་ཚང་གི་ དགེ་སློང་ ༤ དང་ ཨ་ཎེམོ་ ༡ གིས་ ལོ་ངོ་ལྔའི་རིང་ལུ་ དྲུང་འཚོའི་སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ད་ དགེ་སློང་ ༤ གིས་ ལོ་ངོ་ ༣ གྱི་རིང་ལུ་ སྨན་པའི་སྦྱོང་བརྡར་འབད་དོ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

World News

དིལླི་གནམ་གྲུ་ཐང་གི་ ཐོག་གཡབ་ཅིག་ རམ་ཡར་སོངཔ་ལས༌ མི་ ༡ ལུ་ཤི་རྐྱེན།

སི་ཨེན་ཨེན།སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ རྒྱ་གར་དིལླིའི་ གནམ་གྲུ་ཐང་ནང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཐོག་གཡབ་ཅིག་ རམ་ཡར་སོངཔ་ལས་ མི་ ༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་དག་པ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།ཐོག་གཡབ་དེ་ཡང་ དྲོ་པའི་ཆུ་ཚོད་ ༥ དེ་ཅིག་ཁར་ ཆརཔ་ལུ་བརྟེན་ཏེ་ རམ་ཡར་སོངམ་ལས་ འཛུལ་སྒོ་དང་པའི་ གནམ་ཐང་ནང་ལས་ གནམ་གྲུ་འཕུར་འགྲུལ་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་དགོཔ་བྱུང་ནུག།མེ་རྐྱེན་སྲུང་སྐྱོབ་ཀྱི་ ལས་རོགས་ཅིག་གིས་འབད་བ་ཅིན་ ཉེན་སྲུང་གི་ ལཱ་འབད་མི་ཚུ་གིས་ ཤི་རྐྱེན་བྱུང་མིའི་ཕུངམོ་དེ་ ཕྱི་ཁར་བཏོན་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ཡོད་རུང་ རྨ་སྐྱོན་བྱུང་མི་ ༨ པོ་དེ་ ཕྱི་ཁར་བཏོན་ནི་ལུ་ སྐར་ཆ་ ༢༠ དེ་ཅིག་ལས་ མ་འགོར་ཟེར་ཨིན་པས།དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ཡང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ འཁོར་ལམ་ཚུ་གུ་ ཆུ་འཁྱིལ་ཡོདཔ་ལས་ སྣུམ་འཁོར་ཚུ་ཡང་ ཆུ་ནང་ཐིམ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཧཱོན་ཌུ་རཱཛ་གི་ སྲིད་འཛིན་བགྲེསཔ་ལུ་ སྨྱོ་རྫས་དང་འབྲེལ་བའི་ མི་ལོ་ ༤༥ གི་བཙོན་ཁྲིམས།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ ཧཱོན་ཌུ་རཱཛ་ རྒྱལ་ཁབ་ཀྱི་ སྲིད་འཛིན་བགྲེསཔ་ ཇུ་ཝཱན་ཨོར་ལེན་ཌོ་ ཧར་ནེན་ཌེཛ་ལུ་ ཡུ་ཨེཛ་གི་ ཁྲིམས་ཁང་ཅིག་གིས་ སྨྱོ་རྫས་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༤༥ གི་ བཙོན་ཁྲིམས་བཀལ་ནུག།དེ་ཡང་ ཧར་ནེན་ཌེཛ་གིས་ ཡུ་ཨེཛ་ལུ་ ཀེ་ཧང་ནང་འདྲེན་དང་ ཀྲོབ་མདའ་ཚུ་གིས་གཙོས་པའི་ ཉེན་འཚུབ་ཅན་གྱི་ གོ་མཚོན་ཚུ་ བདག་བཟུང་འབད་ཡོད་པའི་ ཉེས་འཛུགས་འཁྲི་ཡོདཔ་ད་ ནིའུ་ཡོག་གི་ ཁྲིམས་རྩོདཔ་ཚུ་གིས་འབད་བ་ཅིན་ ཁོ་གིས་ དབུས་ཨ་མེ་རི་ཀ་དེ་ སྨྱོ་རྫས་ཀྱི་ རྒྱལ་ཁམས་བཟུམ་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་མ་ཚད་ སྨྱོ་རྫས་ནག་ཚོང་རྐྱབ་མི་ཚུ་ ཁྲིམས་ལས་ཟུར་ཐབས་ལུ་ ཌོ་ལར་ས་ཡ་ས་ཡ་སྦེ་ ནང་གསུག་ལེན་ནུག་ཟེར་ཨིན་པས།སྐྱེས་ལོ་ ༥༥ འབད་མི་ སྲིད་འཛིན་བགྲེསཔ་ ཧར་ནེ་ཌེཛ་དེ་ གནས་སྐབས་གཅིག་ བུ་རུག་ལིན་ བཙོན་ཁང་ནང་ བཞག་ཡོདཔ་ད་ ཁོ་ལུ་ཉེས་ཆད་ཡང་ ཌོ་ལར་ས་ཡ་ ༨ བཀལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 14 Today: 2044 Total visitors: 24240