སྤྱི་ཟླ་ ༡༡ པའི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ནང་ལས་ ཁྱེགས་དོན་མཁས་མཆོག་ ཁྱེགས་མཚོ་རྦེད་པའི་ ཆུ་རུད་ཀྱི་ཉེན་ཁ་ བརྟག་དཔྱད་གནང་ཐབས་ལུ་ ཀརྨ་སྟོདཔ་གིས་ ཕྱག་ཞུ་སྟེ་ ལུང་ནག་ནང་དང་ ལ་ཡག་ལུ་ ཆིབས་བསྐྱོད་གནངཡོདཔ་ཨིན་པས།
ལུང་ནག་ནང་ལུ་ མི་དབང་མཆོག་གིས་ ཉེན་ཁ་སྦོམ་ཡོད་པའི་ ལུག་རྒྱས་དང་ ཐོར་ཐོར་མེ་ རབ་ཕྲེང་ཁྱེགས་མཚོ་ཚུ་ལུ་ ཞིབ་དཔྱད་གནང་སྟེ་ ས་ཁོངས་དེ་ཚུའི་ནང་ ཁྱེགས་མཚོ་དང་ སྔ་གོང་ཉེན་བརྡ་རིམ་ལུགས་ཚུ་ བལྟ་རྟོག་འབད་མི་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ ལས་གཡོགཔ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
ས་གནས་དེ་ཁར་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ ས་གནས་འཕྲུལ་རིག་པ་ ༢ གཏན་འཇགས་བཞག་ཡོདཔ་དང་ ཁོང་གིས་ སྔ་གོང་ཉེན་བརྡའི་ འཕྲུལ་ཆས་དང་ ཁྱེགས་མཚོ་ཚུ་གི་ གནས་སྟངས་ཚུ་ དུས་དང་དུས་ལུ་ ཞིབ་དཔྱད་འབད་དེ་ ཐང་ཟ་ཆུ་གི་ མཐོ་དམའི་ཚད་གཞི་དང་ གནམ་གཤིས་ཀྱི་སྐོར་ལས་ དུས་ཡུན་ཆུ་ཚོད་ ༣ རེའི་བར་ན་ སྙན་ཞུ་འབད་དོ་ཡོདཔ་ཨིན་པས།
འཇིགས་མེད་ལྷུན་གྲུབ་དེ་ ལུང་ནག་ནང་ལུ་ ཧ་ལམ་ལོ་ངོ་ ༧ དེ་ཅིག་ ལང་དོ་ཡོདཔ་ད་ དངོས་གྲུབ་རྡོ་རྗེ་དེ་ ཁོ་གི་ཆ་རོགས་སྦེ་ ན་ཧིང་ལྷོད་ནུག།
ཁོང་གཉིས་ལུ་ ག་ནི་བ་ ལཱ་ཁག་ཡོད་པའི་ འགན་ཁུར་འཁྲི་དོ་ཡོད་མི་དེ་ཡང་ འཕྲུལ་ཆས་ཀྱི་ ཆ་ཤས་རེ་རེ་བཞིན་དང་སྦྲགས་ཏེ་ འཕྲུལ་ཆས་བཞག་ཁང་ཚུ་ བརྟག་དཔྱད་འབད་བར་ འགྱོ་བའི་སྐབས་ལུ་ ས་ཆའི་ཆགས་ཚུལ་ ལཱ་ཁག་ནང་ལས་ཕར་ ཡུན་རིང་གི་བར་ན་ རྐང་ཐང་སྦེ་ འགྱོ་དགོ་དོ་ཡོདཔ་ཨིན་པས།
གལ་སྲིད་ འགྱུར་བ་རེ་ འཐོན་པ་ཅིན་ སྔ་གོང་ཉེན་བརྡ་སྤེལ་ཏེ་ མི་མང་ཡོངས་ཀྱིས་ ཤེས་ནི་ཡོདཔ་ ངེས་གཏན་བཟོ་དོ་ཡོདཔ་སྦེ་བཀོད་ནུག།
མི་དབང་མངའ་ཞབས་མཆོག་གིས་ ལ་ཡག་ལུ་ མདང་ཞག་ སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལུ་ རྦེད་འགྱོ་མི་ ཤིང་རྟ་ཕུ་ལུ་ཡང་ ཆིབས་བསྐྱོད་གནང་སྟེ་ སྐབས་ཐོག་དང་ ཡང་ཅིན་ འཕྲོ་མཐུད་ཅན་གྱི་ ཉེན་ཁ་ཚུ་ཡོད་མེད་དང་ མ་འོངས་པ་ལུ་ ཉེན་སྐྱོབ་ཀྱི་ ཐབས་ལམ་ཚུ་དང་འབྲེལ་ཏེ་ ཞིབ་གཟིགས་གནང་ཡོད་པའི་གནས་ཚུལ།





Leave a Reply