སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ཏེ་ བཀྲ་ཤིས་རབ་གནས་གནང་ཡི།
རབ་གནས་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་མཆོག་གིས་ མཛད་གནང་ཡོདཔ་ད་ དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་གནང་ནུག།
སྟོན་པ་རྡོ་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ནི་དང་ ཉམས་གསོ་ཞུ་ནི་གི་ ལས་འགུལ་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ ཐེངས་ ༧༠ པའི་ རྗེས་དྲན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ མ་དངུལ་ཚུ་ འབྲུག་གཞུང་གི་ཁ་ཐུག་ལས་ གནང་ཡོད་རུང་ ཞལ་འདེབས་ཕུལ་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ཡང་ གོ་སྐབས་ཚུ་གནང་ཡོདཔ་ལས་ དད་ལྡན་སེལ་སྐྱ་ཕོ་མོ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཏི་རུ་དང་ གསེར་གྱི་ཞལ་འདེབས་ཚུ་ཕུལ་ནུག།
ཞལ་གསེར་བསྐྱར་ལོག་ཕུལ་མི་ སྟོན་པ་རྡོར་གདན་མ་དེ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་ཚེ་ཞབས་པད་བརྟན་ནི་དང་ འགྲོ་བ་ཡོངས་ཀྱི་ ཕན་བདེ་ལུ་ ཆེད་དུ་དམིགས་ཏེ་ཨིན་པའི་གནས་ཚུལ།





Leave a Reply