ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཅི་ལི་རྒྱལ་ཁབ་ནང་ ཆར་ཤུགས་ལུ་བརྟེན་ཏེ་ མི་གྲངས་ ༡༣ ལུ་ཤི་རྐྱེན།

རོའི་ཊརཛ། ཅི་ལི་རྒྱལ་ཁབ་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་དེ་ནང་ ཆར་ཤུགས་དང་ རླུང་འཚུབ་ལུ་བརྟེན་ཏེ་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ གཞན་མི་ ༧ དེ་ཅིག་ཡང་ འཚོལ་མ་ཐོབ་པར་ཡོད་ཟེར་ཨིན་པས། དེ་ཡང་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ལས་སྦེ་ ལྷོ་ཕྱོགས་ཀྱི་ ལུང་ཕྱོགས་ནང་ ཆུ་རུད་དང་ ས་རུད་ཚུ་ཐོན་ཏེ་ འཁོར་ལམ་དང་ སྡོད་ཁྱིམ་ཚུ་ མེདཔ་བཏང་པའི་ཁར་ གཙང་ཆུའི་རྒྱུན་ལམ་དང་ ཆུ་གཞོང་ཚུ་གི་ གནས་སྟངས་ཚུ་ཡང་ མེདཔ་ཐལ་ཡོདཔ་སྦེ་བཀོད་ནུག། 

World News

ཝེཏ་ནམ་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ འགྲུལ་པ་ ༧ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ དྲོ་པ་ཁམས་ཅིག་ཁར་ ཝེཏ་ནམ་གྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ འགྲུལ་པ་ ༧ ལུ་ ཤི་རྐྱེན་དང་ ༥ ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ སྡོད་ཁྲི་ ༢༤ འབད་མི་ སྣུམ་འཁོར་བཱཛ་དེ་ ལམ་དོང་མངའ་སྡེ་ལས་ ཉེ་འདབས་ཀྱི་ ཚོང་འབྲེལ་ལྟེ་བ་ ཧོ་ཅི་མིན་ ཁྲོམ་ཚོགས་ནང་ འགྲུལ་སྐྱོད་འབད་བའི་ལམ་ཁར་ མེ་རྐྱེན་བྱུང་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཨེཛ་དམག་སྡེ་གིས་ ཨི་རཱན་ལུ་ གནོད་འཚུབ་སྦོམ་སྦེ་ར་བཀལ་ཡོདཔ།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ཡུ་ཨེཛ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧོར་མུཛ་མཚོ་གླིང་གི་ གྲུ་གཟིངས་ཚུ་ལུ་ གནོདཔ་བཀལ་ནི་གི་ ལྕོགས་གྲུབ་དེ་ ཧེང་སྐལ་ར་ མར་ཕབ་འབད་ནིའི་དོན་ལས་ ཨི་རཱན་ལུ་ ད་རུང་ཡང་ གནོདཔ་བཀལ་ཡི་ཟེར་ཨིན་པས། དེ་ཡང་ ཡུ་ཨེཛ་གི་ དམག་མི་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཨི་རཱན་ལུ་ ཉེས་ཁྲིམས་བཀལ་ནི་སྦེ་ ཁས་བླངས་འབད་བའི་ཤུལ་ལས་ དམག་རྐྱབ་ཡོདཔ་སྦེ་ ཡུ་ཨེཛ་དབུས་ཕྱོགས་དམག་སྡེའི་ གཙོ་འཛིན་གྱིས་ གསལ་བསད་འབད་ནུག།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྒྱ་མཚོའི་མཐའ་མར་ གྲུ་གཟིངས་ཅིག་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༠ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ ར་ཤི་ཡ་གིས་ ཨོ་ཌེ་ས་ཁྲོམ་སྡེའི་ རྒྱ་མཚོའི་མཐའ་མར་ དོ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ཅིག་ལུ་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ཡུ་ཀེ་རེན་གྱི་ གྲུ་ཚུགས་དབང་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནོད་འཚུབ་དེ་ནང་ དེད་དཔོན་ ༡ དང་ ལས་བྱེདཔ་ ༩ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྤྱི་ཟླ་ ༧ པའི་ནང་ར་ ལུང་ཕྱོགས་དེ་ནང་ ར་ཤི་ཡའི་ གནོད་འཚུབ་ལུ་བརྟེན་ཏེ་ མི་གྲངས་ ༢༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་ ༧ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཡུ་ཀེ་རེན་གྱིས་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ ར་ཤི་ཡ་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མཛོད་ཁང་ནང་ ལཱ་འབད་མི་ ༧ ལུ་ ཤི་རྐྱེན་དང་ ༢༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ ས་སྣུམ་མཛོད་ཁང་ལུ་ཡང་ གནོད་འཚུབ་བཀལ་ནུག། དེ་མ་ཚད་ ནུབ་མོར་ལཱ་འབད་མི་ ༧ དེ་ཅིག་ལུ་ཡང་ ས་གནས་དེ་ཁ་ར་ ཤི་རྐྱེན་བྱུང་ཡོདཔ་ད་ གལ་སྲིད་ ཁོང་གིས་ དམིགས་ཡུལ་དེ་ གྲུབ་ཚུགས་པ་ཅིན་ མི་སེར་ཚུ་ལུ་ ཤི་རྐྱེན་གྱི་ གྱངས་ཁ་དེ་ ཧེང་སྐལ་ར་ མཐོ་དྲགས་སྦེ་ འོང་སྲིད་ནི་མས་ཟེར་ཨིན་པས།

World News

ཡུ་ཨེཛ་དམག་སྡེ་གིས་ ཨི་རཱན་ལུ་ གནོད་འཚུབ་བཀལ་ཏེ་ ཉིན་ཞག་ ༧ སོང་ཡོདཔ།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་འཛིན་ཌོ་ནཱལ་ཊམ་གྱིས་ ཨི་རཱན་དང་ ཡུ་ཨེཛ་ ༢ ཀྱི་བར་ན་ གནས་སྐབས་ཅིག་གི་ ཕྱད་མདའ་མཚམས་འཇོག་གི་ གན་ཡིག་དུས་ཡུན་དེ་ མཇུག་བསྡུ་ཡོདཔ་སྦེ་ གསལ་བསྒྲགས་གནང་པའི་ཤུལ་ལུ་ དམག་འཁྲུག་འགོ་བཙུགས་ཏེ་ ཉིན་ཞག་ ༧ ཡར་སོང་ཡི་ཟེར་ཨིན་པས། དེ་སྦེ་ ཉིན་ཞག་ ༧ གི་རིང་ལུ་ ཡུ་ཨེཛ་དམག་སྡེ་གིས་ ཨི་རཱན་གྱི་ དམག་སྡེ་ཚུ་གི་ བལྟ་རྟོག་ས་ཁོངས་དང་ དམག་སྡེའི་གྲ་སྒྲིག་མཐུན་རྐྱེན་ ས་འོག་མཚོན་ཆའི་མཛོད་ཁང་ དེ་ལས་ དམག་གྲུའི་ལྕོགས་གྲུབ་ཚུ་ལུ་ གནོདཔ་བཀལ་ཡོདཔ་སྦེ་ ཡུ་ཨེཛ་དམག་སྡེའི་ གཙོ་འཛིན་གྱིས་ གསལ་བཤད་འབད་ནུག།

World News

ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ དམག་འཁྲུག་སྦོམ་སྦེ་ར་ ལང་པའི་བསྒང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ ཡུ་ཨེཛ་གིས་ ཨི་རཱན་གྱི་ ཟམ་དང་ གནམ་གྲུ་ཐང་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་ད་ དེ་བཟུམ་སྦེ་ ཨི་རཱན་གྱིས་ཡང་ ཀུ་ཝེཊ་ལུ་ཡོད་པའི་ གློག་མེ་དང་ ཆུ་ཚ་ཏོམ་འཕྲུལ་ཁང་ཚུ་ལུ་ གནོད་འཚུབ་བཀལ་ནུག། དོ་འགྲན་ཅན་གྱི་ ཧོར་མུཛ་མཚོ་ལམ་ས་ཁོངས་ནང་ དམག་འཁྲུག་ལོག་སྟེ་ར་ འགོ་བཙུགས་པ་ལུ་བརྟེན་ཏེ་ འཛམ་གླིང་ནང་ ནུས་ཤུགས་བཀྲམ་སྤེལ་ཚུ་ ད་རུང་ཡང་ བཀག་དམ་འབད་ཡོདཔ་ཨིན་པས།

World News

ཨི་རཱན་གྱི་ ཕྱད་མདའ་ལུ་བརྟེན་ཏེ་ ཡུ་རོབ་ཀྱི་ མཁའ་འགྲུལ་ལས་སྡེ་ཚུ་ བཙན་ཐབས་འབད་ནི་ལུ་གྲ་སྒྲིག།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ ཡུ་རོབ་ལུང་ཕྱོགས་ཀྱི་ མཁའ་འགྲུལ་ནང་ མ་རྩ་བཙུགས་མི་དང་ བཟོ་གྲྭའི་བཀོད་ཁྱབ་འགོ་དཔོན་ཚུ་གིས་ བཤད་དོ་འབད་བ་ཅིན་ ཨི་རཱན་གྱིས་ ག་ལཱཕ་ལུང་ཕྱོགས་ལུ་ ཕྱད་མདའ་ལོག་སྟེ་ར་ འགོ་བཙུགས་མི་ལུ་བརྟེན་ཏེ་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཡུ་རོབ་ཀྱི་ མཁའ་གྲུལ་ལས་སྡེ་ཆུང་བ་ཚུ་གིས་ རང་སོའི་ལས་སྡེ་ཚུ་ བཙན་ཐབས་འབད་དགོཔ་ འབྱུང་ནི་མས་ཟེར་ཨིན་པས། དེ་ཡང་ དཔེ་འབད་བ་ཅིན་ བི་རི་ཊེན་གྱི་མཁའ་འགྲུལ་ ཨི་ཛི་ཇེཊ་དེ་ ལོ་ངོ་ ༣༠ གི་རིང་ལུ་ མ་དངུལ་ཆུང་ཀུའི་ཐོག་ལས་ ལག་ལེན་འཐབ་སྟེ་ཡོད་རུང་ ད་རེས་ ཨི་རཱན་གྱི་ ཕྱད་མདའ་ལུ་བརྟེན་ཏེ་ དཀའ་ངལ་ཐོན་དོ་ཡོདཔ་ལས་ མགྱོགས་པ་ར་ ཡུ་ཨེ་གིས་ འགོ་ཁྲིད་ཐོག་ལུ་ ནད་ཡམས་ཀོ་ཝིཌ་སྔ་གོང་གི་ གནས་གོང་དང་ཕྱདཔ་ད་ གནས་གོང་ལེ་ཤ་གིས་ དམའ་སུ་སྦེ་ རྩིས་ལེན་ནི་ཨིནམ་སྦེ་བཤད་ནུག།

World News

ཧོར་མུཛ་མཚོ་གླིང་དེ་ ཨི་རན་གྱི་དོན་ལུ་ ཉེན་ཁ་ཅན་གྱི་ ས་ཁོངས་ཅིག་ཨིན་པའི་ངོས་འཛིན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ ཨི་རན་གྱིས་ ཧོར་མུཛ་མཚོ་གླིང་དེ་ འགྲུལ་སྐྱོད་འབད་མ་ཆོག་པའི་ ཉེན་ཁ་ཅན་གྱི་ ས་ཁོངས་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས། དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཨི་རཱན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ གནོདཔ་བཀལ་ནི་གི་ འཇིགས་སྐུལ་འབད་བ་ཅིན་ ཨི་རཱན་གྱིས་ཡང་ ག་ལཱཕ་ལུང་ཕྱོགས་ཀྱི་ གཞི་རྟེན་མཐུན་རྐྱེན་ག་ར་ལུ་ གནོདཔ་བཀལ་ནི་ཨིན་པའི་ ཉེན་བརྡ་འབད་ནུག།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༤ དམར་བསད།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ ནུབ་ཅིག་གི་རིང་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ནུག། དེ་ཡང་ ཨོ་དི་ས་ ལུང་ཕྱོགས་ཀྱི་ བེ་ལེག་སི་ཟེར་མི་ རྒྱ་མཚོའི་གྲུ་ཚུགས་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་དང་ མི་ཛ་ཡེལ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ལུང་ཕྱོགས་དེ་ནང་ ར་ཤི་ཡ་གིས་ དེ་བཟུམ་མའི་ གནོདཔ་བཀལ་མི་དེ་ ཉིན་གྲངས་ ༥ པ་ཨིན་པས། དེ་ལས་ གཞན་ཡང་ བྱང་ཤར་སུ་མི་ཁྲོམ་སྡེའི་ནང་ མི་གྲངས་ ༣ དང་ ལྷོ་ཕྱོགས་ཟ་པོ་རི་ཟི་ཡ་ལུ་ མི་གྲངས་ ༣ དེ་ལས་ ཤར་ལྷོ་ལུང་ཕྱོགས་གཞན་ ༣ གྱི་ནང་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།

Online now: 3 Today: 1495 Total visitors: 8715