ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཤྲཱི་ལངྐ་ལུ་ དཔལ་འབྱོར་གྱི་ གནས་སྟངས་སྐྱོ་དྲགས་ཡོད་རུང་ འཛམ་གླིང་དངུལ་ཁང་ལས་ མ་དངུལ་གསརཔ་ བྱིན་ནི་གི་ འཆར་གཞི་མེདཔ།

བི་བི་སི།ཤྲཱི་ལངྐའི་ རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་ ལེ་ཤ་གི་རིང་ལུ་ དཔལ་འབྱོར་གྱི་ གནས་སྟངས་དེ་ སྐྱོ་དྲགས་ཅིག་སྦེ་ གནས་ཡོད་རུང་ འཛམ་གླིང་དངུལ་ཁང་གི་ ཁ་ཐུག་ལས་ མ་དངུལ་བྱིན་ནི་གི་ འཆར་གཞི་གསརཔ་ མེད་ཟེར་ཨིན་པས།རྒྱལ་ཁབ་དེ་ནང་ ཕྱི་དངུལ་ལངམ་སྦེ་ མེད་པའི་སྟབས་ཀྱིས་ བཟའ་འཐུང་དང་ མར་ཁུ་ སྨན་ལ་སོགས་པ་ཚུ་ འཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ དཔལ་འབྱོར་གྱི་ གནས་སྟངས་དེ་ བསྐྱར་བཟོ་འབད་དགོཔ་འདུག་ཟེར་ འཛམ་གླིང་དངུལ་ཁང་གི་ སྙན་ཞུ་ཅིག་ནང་བཀོད་ནུག།དེ་བཟུམ་མའི་ དཔལ་འབྱོར་གྱི་གནས་སྟངས་ སྐྱོ་དྲགས་ཡོད་མི་ལུ་བརྟེན་ཏེ་ ཤྲཱི་ལངྐའི་ མི་སེར་ཚུ་ལུ་ བྱེམ་སྦོམ་སྦེ་ར་ ཕོག་ནི་ཨིནམ་ལས་ འཛམ་གླིང་དངུལ་ཁང་ལུ་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།དེ་འབདཝ་ལས་ ད་ལྟོ་ཡོད་མི་ སྐྱིན་འགྲུལ་ཐོག་ལས་ དགོས་མཁོ་ཆེ་བའི་རིགས་ དཔྱེ་འབད་བ་ཅིན་ སྨན་དང་ བཞེས་སྒོ་འབད་ནི་གི་ མེ་རླུང་གེཛ་ ཨ་ལོ་ཚུ་གི་དོན་ལས་ བཞེས་སྒོ་ཚུ་དང་ ཉེན་ཁ་ཅན་གྱི་ བཟའ་ཚང་ཚུ་ལུ་ དངུལ་རྐྱང་ཚུ་ འདྲ་མཉམ་སྦེ་ བགོ་བཀྲམ་འབད་ནི་ལུ་ སེམས་ཤུགས་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ བཙན་དབང་འབད་མི་ ཁེར་སཱན་མངའ་སྡེ་དེ་ ཡུ་ཀེ་རེན་གྱིས་ ལོག་ལེན་ནི་ལུ་བརྩོན་ཤུགས།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ དྲག་བཅོམ་འབདཝ་བཞིན་དུ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ཡང་ ར་ཤི་ཡ་གིས་ བཙན་དབང་འབད་མི་ བྱང་ཕྱོགས་ཁེར་སཱན་ལུང་ཕྱོགས་དེ་ ལོག་ལེན་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་ཨིན་པས།དེ་བསྒང་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཅིག་ནང་ རྫས་བམ་མི་ཛ་ཡེལ་ རྐྱབ་ཡོདཔ་ལས་ མི་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༢༦ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀིབ་ཀྱི་སྦོ་ལོགས་ཁར་ཡང་ རྫས་བམ་མི་ཛ་ཡེལ་ལུ་བརྟེན་ཏེ་ མི་གྲངས་ ༡༥ ལུ་ རྨ་སྐྱོན་བྱུང་ནུག།དེ་འབདཝ་ད་ ཁེར་སཱན་ཁྲོམ་སྡེའི་ ཟམ་གཙོ་ཅན་དེ་ ཡུ་ཀེ་རེན་དམག་མི་ཚུ་གིས་ ཡུ་ཨེཛ་གིས་བྱིན་མི་ ཐག་རིང་རྫས་མདའ་རོ་ཀེཊ་རྐྱབ་སྟེ་ བརྡལ་བཏང་ནི་དེ་གིས་ ར་ཤི་ཡའི་ ཁ་ཐུག་ལས་ དམག་མི་ཚུ་དང་ གོ་མཚོན་ཚུ་ བགོ་བཀྲམ་འབད་མ་ཚུགས་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་དང་ རྒྱ་ནག་གི་ སྲིད་འཛིན་ ༢ ཀྱི་བར་ན་ ཏཱ་ཡེ་ཝཱན་གྱི་སྐོར་ལས་ གཅིག་གིས་གཅིག་ལུ་ཉེན་བརྡ།

བི་བི་སི།ཡུ་ཨེཛ་དང་ རྒྱ་ནག་གི་ དབུ་ཁྲིད་ ༢ ཀྱི་བར་ན་ ཏཱ་ཡེ་ཝཱན་གྱི་སྐོར་ལས་ བརྒྱུད་འཕྲིན་ཐོག་ལུ་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་ གཅིག་གིས་གཅིག་ལུ་ ཉེན་བརྡའི་གསུང་གྲོས་གནང་ནུག།དེ་བསྒང་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱ་ཡེ་ཌེན་གྱིས་ མཚོ་གླིང་རྒྱལ་ཁབ་ ཏཱ་ཡེ་ཝཱན་གྱི་ གནས་སྟངས་དེ་ བསྒྱུར་བཅོས་འབད་ནི་ལུ་ རྒྱབ་འགལ་སྦོམ་ཡོདཔ་མ་ཚད་ ཡུ་ཨེཛ་གི་ སྲིད་བྱུས་ཡང་ ཏཱ་ཡེ་ཝཱན་དེ་ བསྒྱུར་བཅོས་མེད་པར་ བཞག་ནི་སྦེ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ རྒྱ་ནག་གི་ རྣམ་གཞག་གཅིག་ལུ་ དཀྲོགས་ཏེ་འབད་བ་ཅིན་ མེ་གུ་རྩེདམོ་རྩེཝ་ད་ འཚིགས་དོ་བཟུམ་ཅིག་ཨིན་པའི་ ཉེན་བརྡ་མཛད་ནུག།དེ་འབདཝ་ལས་ ཡུ་ཨེཛ་ཚོགས་འདུའི་ ཚོགས་དཔོན་ནེན་སི་ པོ་ལི་སི་གིས་ ཏཱ་ཡེ་ཝཱན་ལུ་ གཟིགས་སྐོར་གནང་ནི་གི་ འཆར་གཞི་ཡོད་མི་ལུ་ ཉེན་ཁ་ཧེང་སྐལ་ར་ འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཕི་ལི་པིནཛ་ལུ་ ས་ཡོམ་རྐྱབ་མིའི་ནང་ མི་གྲངས་ ༤ ལུ་ ཤི་རྐྱེན་དང་ ༦༠ ལུ་རྨ་སྐྱོན།

ཨཱལ་ཇ་ཟི་ར། ཕི་ལི་པིནཛ་གི་ བྱང་ཁ་ཐུག་ལུ་ ས་ཡོམ་ཤུགས་ཅན་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༤ དེ་ཅིག་ལུ་ ཤི་རྐྱེན་དང་ ༦༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༨.༤༣ དེ་ཅིག་ཁར་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༧.༡ འབད་མི་ རྐྱབ་ཡོདཔ་ལས་ གངས་ལྗོངས་མངའ་སྡེ་དང་ ཡོངས་གྲགས་ཅན་གྱི་ ལྷོ་ཕྱོགས་མཚོ་གླིང་ཚུ་ནང་ ས་རུད་ཆད་ཡོདཔ་མ་ཚད་ སྡོད་ཁྱིམ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག། ཤི་རྐྱེན་བྱུང་མི་ཚུ་གི་གྲས་ལས་ ཕོ་སྐྱེས་ ༡ ཨ་བཱ་ར་ མངའ་སྡེའི་ནང་ ཁོ་རའི་སྡོད་ཁྱིམ་གྱི་ རྩི་སའི་ཐོག་ལེབ་བུད་དེ་ བསད་ཡོདཔ་མ་ཚད་ མངའ་སྡེ་དེ་ནང་ལས་ར་ མི་གྲངས་ ༢༥ ལུ་ རྨ་སྐྱོན་བྱུང་མི་ཚུ་ཡང་ག་ར་ སྨན་ཁང་ནང་ བསྐྱལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཀེ་ན་ཌ་ལུ་ ཀྲོབ་མདའ་འབག་མི་ ཕོ་སྐྱེས་ཅིག་གིས་ མི་ ༢ དམར་བསད།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ ཀེ་ན་ཌའི་ ནུབ་ཕྱོགས་མངའ་སྡེ་ བི་རི་ཊིཤ་ ཀོ་ལོམ་བི་ཡ་ལུ་ ཀྲོབ་མདའི་སྤྲོ་སྟོན་ཅིག་ནང་ ཀྲོབ་མདའ་འབག་མི་ ཕོ་སྐྱེས་ཅིག་གིས་ ཀྲོབ་མདའ་རྐྱབ་སྟེ་ མི་ ༢ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་ ༢ ལུ་ཡང་ རྨ་སྐྱོན་བྱུང་ནུག། དེ་བཟུམ་སྦེ་ དོགས་པ་ཅན་དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ ས་གནས་དེ་ཁ་ར་ ཀྲོབ་མདའ་རྐྱབ་སྟེ་ བསད་ཡོདཔ་ད་ བྱ་ངན་འབད་མི་དེ་གིས་ ས་གནས་དེ་ཁར་ སྡོད་ཁྱིམ་མེད་མི་ཚུ་ལུ་ དམིགས་གཏད་བསྐྱེད་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས། དེ་སྦེ་ རྨ་སྐྱོན་བྱུང་མི་ ཨམ་སྲུ་དེ་ གནས་སྟངས་འཚུབས་དྲགས་ཡོད་མི་དང་ ཀྲོབ་མདའ་རྐང་མར་ཕོག་སྟེ་ རྨ་སྐྱོན་བྱུང་མི་ ཕོ་སྐྱེས་དེ་ཡང་ ལེང་ལེ་རྗེས་དྲན་སྨན་ཁང་ནང་ བསྐྱལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མཐའ་ཡས་ལེན་གྱི་ བློན་ཆེན་ལུ་ བློ་གཏད་ཡོད་མེད་ཀྱི་ ཚོགས་རྒྱན་བསྐྱུར་བའི་སྐབས་ལུ་ རྒྱལ་ཁ་ཐོབ་ཡོདཔ།

ཨེ་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ མཐའ་ཡས་ལེན་གྱི་བློན་ཆེན་ པ་ར་ཡཱུད་ ཅཱན་ཨོ་ཅ་གིས་ ཚོགས་ཁང་ནང་ ལན་ཐེངས་ ༤ པའམ་ མཐའ་མཇུག་གི་ བློ་གཏད་ཡོད་མེད་ཀྱི་ ཚོགས་རྒྱན་སྐྱུརཝ་ད་ རྒྱལ་ཁ་ཐོབ་ཡོད་རུང་ ཧ་ལས་དགོཔ་ཅིག་མེད་ཟེར་ཨིན་པས།དེ་མ་ཚད་ བློན་ཆེན་པ་ར་ཡཱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ ༡༠ གྱིས་ དཔལ་འབྱོར་གྱི་ཐད་ཁར་ འཛིན་སྐྱོང་ཚུལ་མིན་འཐབ་སྟེ་ ངན་ལྷད་བཀག་ནིའི་ནང་ འཐུས་ཤོར་བྱུངམ་ལས་ རྩོད་བསྡུར་འབད་དེ་ ཉིན་གྲངས་ ༤ གི་རྒྱབ་ལས་ ཚོགས་རྒྱན་སྐྱུར་བའི་སྐབས་ལུ་ བློན་པོ་ ༡༠ གྱིས་ ཚོགས་རྒྱན་ཐོབ་ཡོདཔ་ལས་ ཚོགས་ཁང་ནང་ གཞུང་སྐྱོང་གི་ འཐུས་མི་མང་ཤོས་ཀྱིས་ར་ མཉམ་སྡོམ་ཐོག་ལས་ ཚོགས་རྒྱན་བསྐྱུར་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།དེ་བསྒང་ བློན་ཆེན་པ་རཱ་ཡཱུད་ཀྱིས་ ཚོགས་རྒྱན་བསྡོམས་ ༢༥༦ དང་ དོ་འགྲན་པ་གིས་ ཚོགས་རྒྱན་ ༢༠༦ ཐོབ་ཡོདཔ་ད་ འཐུས་མི་ ༩ འཛེམ་སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་ཀེ་ར་ལའི་ ཨམ་སྲུ་ཅིག་ལུ་ རྒྱ་བོ་ཡོད་པའི་ངོམ་སྟོན།

བི་བི་སི།རྒྱ་གར་ཀེ་ར་ལའི་ ཨམ་སྲུ་ཅིག་ལུ་ རྒྱ་བོ་ཡོདཔ་ལས་ ཡོངས་འབྲེལ་ཐོག་ལུ་ མི་མང་གིས་ ངལ་རངས་བསྐྱེད་མི་དང་ བརྙས་བཅོས་འབད་མི་ ཟུང་སྦྲེལ་སྦེ་ ཐོན་ཡོད་རུང་ མོ་གི་སེམས་ཁར་ ཚ་གྱང་ལང་དགོཔ་ཅིག་ ག་ནི་ཡང་མིན་འདུག་ཟེར་བཤད་ནུག།དེ་ཡང་ སྐྱེས་ལོ་ ༣༥ འབད་མི་ ཤེ་ཇ་གིས་ མོ་རའི་རྒྱ་བོ་དེ་ དགའ་བས་ཟེར་ ཡོངས་འབྲེལ་ཝཱཛ་ཨེབ་ཐོག་ལས་ སླབ་ཡོདཔ་ཨིན་པས།ད་རུང་ མི་ཚུ་གིས་ ཡོངས་འབྲེལ་ཕེཛ་བུག་ནང་ མོ་གི་ངོ་པར་ མཐོང་མི་ཚུ་གིས་མ་ཚད་པར་ ངོ་འཛོམས་ཐོག་ལུ་ ཕྱད་མི་ཚུ་གིས་ཡང་ མོ་གིས་ རྒྱ་བོ་དེ་ ག་ཅི་སྦེ་ བཞགཔ་སྨོ་ཟེར་ ལོག་ཅི་ར་ འདྲི་བ་བཀོད་ནུག།དེ་ལུ་ ཤེ་ཇ་གིས་ རྒྱ་བོ་མེད་པར་ མནོ་བསམ་ར་ བཏང་མི་ཚུགས་པས་ཟེར་ཨིནམ་ད་ ནད་ཡམས་ཀོ་ཝིཌ་ ཐོན་ཞིནམ་ལས་ཚུར་ དུས་རྒྱུན་ར་ ཁ་རས་རྐྱབ་དགོ་མི་དེ་གིས་ མོ་གི་གདོང་བསུབ་པ་ལུ་བརྟེན་ཏེ་ ཁ་རས་རྐྱབ་ནི་དེ་ མི་དགའ་བས་ཟེར་ སླབ་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་རྒྱལ་ཁབ་ནང་ ཨ་ལོ་ཆུང་ཀུ་ ༢ ལུ་ ནད་ཡམས་མོང་ཀི་པོགཛ་ འགོ་དང་པ་ ཐོབ་ཡོད་པའི་ངོས་འཛིན།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ ཡུ་ཨེཛ་རྒྱལ་ཁབ་ནང་ ཨ་ལོ་ཆུང་ཀུ་ ༢ ལུ་ མོང་ཀི་པོགཛ་ཟེར་མི་ ནད་ཡམས་དེ་ འགོ་དང་པ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ གསོ་བའི་དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་ཡང་ ཀོ་ལི་ཕོར་ནི་ཡ་ལུ་ ལམ་འགྱོ་ནི་ འགོ་བཙུགས་མི་ ཨ་ལོ་ཆུང་ཀུ་ཅིག་དང་ ཨ་ལོ་གཞན་མི་དེ་ ཝ་ཤིང་ཊཱོན་ ས་ཁོངས་ནང་ རྒྱུན་འགྲུལ་འཐབ་མི་ ཡུ་ཨེཛ་གི་ མི་ཁུངས་མིན་མི་ཅིག་ཨིནམ་ད་ དེ་བཟུམ་མའི་ ནད་ཡམས་ཐོབ་མི་ ཨ་ལོ་གཉིས་ཆ་ར་ གནས་སྟངས་ལེགས་ཤོམ་སྦེ་ར་ཡོད་ཟེར་ཨིན་པས།ནད་ཡམས་དེ་ ཚ་རིམས་ཀྱི་ ནད་རྟགས་བཟུམ་ཅིག་དང་ པགས་ཀོ་གུ་ རྨ་ཐོནམ་ལ་སོགས་པའི་ཐོག་ལས་ དར་ཁྱབ་སྦོམ་སྦེ་ར་ འགྱོ་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཨཕ་རི་ཀའི་ དབུས་ཕྱོགས་རྒྱལ་ཁབ་ཚུ་ནང་ ཕོ་སྐྱེས་ཚུ་གི་ ནང་འཁོད་ལུ་ ལུས་འབྲེལ་འབད་ནི་དེ་གིས་ དར་ཁྱབ་སོང་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་མའི་ ནད་ཡམས་དེ་ ལོ་འདི་ནང་ར་ རྒྱལ་ཁབ་ ༦༠ ལྷགཔ་ཅིག་གི་ནང་ མི་གྲངས་ ༡༤,༠༠༠ དེ་ཅིག་ལུ་ ཐོབ་ཡོདཔ་མ་ཚད་ ཨཕ་རི་ཀའི་ རྒྱལ་ཁབ་ནང་ […]

gyalchi
World News

རྒྱ་གར་ལུ་ ཁྲིམས་བཟོ་མི་ཚུ་གིས་ མི་རིགས་ཊཱའི་བཱལ་ཟེར་མི་ མི་སྡེའི་ནང་ལས་ སྲིད་འཛིན་འགོ་དང་པ་བཙག་འཐུ།

ཨེན་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ རྒྱ་གར་གྱི་ ཁྲིམས་བཟོ་མི་ཚུ་གིས་ ད་རེས་ འགོ་དང་པ་ མི་རིགས་ཊི་རི་བཱལ་ཟེར་མི་ མི་སྡེའི་ནང་ལས་ སྐྱེས་ལོ་ ༦༤ འབད་མི་ ཨམ་ཌོ་རུ་པ་དི་ མུར་མུ་དེ་ བཙག་འཐུ་གྲུབ་ནུག།དེ་གི་ཧེ་མར་ ཨམ་ཌོ་རུ་པ་དི་ མུར་མུ་དེ་ སློབ་གྲྭའི་སློབ་དཔོན་ཅིག་སྦེ་ ཕྱག་ཞུ་ཡོདཔ་ད་ རྒྱལ་ཁབ་དེ་ནང་ སྲིད་འཛིན་ཨམ་སྲུ་ ཨང་ ༢ པ་ཨིན་པས།སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ སྲིད་འཛིན་གྱི་ ཡིག་ཚང་ནང་ འཛུལ་ཞུགས་མཛད་ནི་ཨིནམ་ལས་ མོ་གིས་ ལོ་ངོ་ ༥ གི་ གནས་ཡུན་རིང་ལུ་ སྲིད་འཛིན་གྱི་ ཕྱག་ལཱ་གནང་ནི་ཨིན་པས།བློན་ཆེན་མོ་དི་མཆོག་གིས་ རྒྱ་གར་གྱི་ ཤར་ཁ་ཐུག་ལས་ མཐའ་ཟུར་ས་གནས་ མི་རིགས་ཊི་རི་བཱལ་ཟེར་མི་ མི་སྡེའི་ནང་ལས་ སྲིད་འཛིན་བཙག་འཐུ་གྲུབ་ཡོདཔ་སྦེ་ གསུངས་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བཱ་ར་ཟིལ་གྱི་ ཁྲོམ་སྡེ་ཅིག་ནང་ ཁྲིམས་སྲུང་འགག་སྡེ་གིས་ ཧང་བཅོམ་འབདཝ་ད་ མི་གྲངས་ ༡༨ ལུ་ཤི་རྐྱེན།

བི་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཱ་ར་ཟིལ་གྱི་ ཤར་ལྷོ་ཁ་ཐུག་ལུ་ རི་ཡོ་ཌེ་ ཇ་ནེ་རོ་ ཁྲོམ་སྡེའི་ནང་ མི་ངན་སྡེ་ཚན་ཅིག་གིས་ ཁྲིམས་འགལ་ཐོག་ལས་ དབང་བཟུང་འབད་སར་ ཁྲིམས་སྲུང་འགག་སྡེ་གིས་ ཧང་བཅོམ་འབད་བའི་སྐབས་ལུ་ མི་གྲངས་ ༡༨ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ བཱ་ར་ཟིལ་གྱི་ས་གནས་ ཨ་ལེ་མ་ཟེར་སར་ཡང་ ཁྲིམས་སྲུང་འགག་སྡེ་ ༤༠༠ དེ་ཅིག་ གོ་མཚོན་འབག་ཐོག་ལུ་ བགོ་བཀྲམ་འབད་མིའི་ནང་ཡང་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་མི་ཚུ་ག་ར་ ཁྲིམས་འགལ་འབད་མི་ཚུ་ཨིན་པའི་ དོགས་པ་ཡོད་ཟེར་བཀོད་ནུག།དེ་བཟུམ་སྦེ་ བྱུང་རྐྱེན་དེ་ནང་ ཁྲིམས་སྲུང་འགོ་དཔོན་ ༡ དང་ ཟུར་ཁ་ལས་ བལྟ་སྡོད་མི་ ༡ ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་གིས་ ཉིནམ་ ༡ གི་རིང་ལུ་ ཧང་བཅོམ་འབདཝ་ད་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཁོང་རའི་ཁྱིམ་ནང་ […]

gyalchi
Online now: 12 Today: 2207 Total visitors: 9427