ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨཱཛ་ཊེ་ལི་ཡ་ལུ་ སྐྱབས་བཅོལ་བ་ཚུ་གིས་ གཏན་འཇགས་ཀྱི་ སྐྱོད་ཐམ་བྱིན་དགོ་པའི་ ཨུ་ཚུགས་སྐྱེད་ཡོདཔ།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༩ ལུ་ ཨཱཛ་ཊེ་ལི་ཡར་ཡོད་མི་ སྐྱབས་བཅོལ་བ་ཚུ་གིས་ ཟླ་ངོ་ ༣ ལས་ མ་འགྱོ་མི་ གཞུང་གསར་པའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བ་ནེཛ་ལུ་ གཏན་འཇགས་ཀྱི་ སྐྱོད་ཐམ་བྱིན་དགོ་པའི་ ཨུ་ཚུགས་སྐྱེད་ཡོདཔ་ཨིན་པས།དེ་ཡང་ བློན་ཆེན་གྱིས་ ཟླ་ངོ་ ༣ གྱི་ཧེ་མར་ ཁྱེད་ཆ་ཁྱབ་ དཔེ་ཆ་ལྷབ་ཞིནམ་ལས་ ལཱ་འབད་དེ་ མི་ཚེ་སྐྱིད་ཏོང་ཏོ་སྦེ་ སྐྱོང་ཐབས་ལུ་ གཏན་འཇགས་ཀྱི་ སྐྱོད་ཐམ་བྱིན་ནི་ཟེར་ ཁས་བླངས་འབད་མི་དེ་ སྒྲུབ་དགོཔ་སྦེ་ཨིན་པས།དེ་བསྒང་ སྐྱབས་བཅོལ་བ་ ༡,༠༠༠ ལྷགཔ་ཅིག་དང་ རྩོད་ཚབ་པ་ དེ་ལས་ སྲིད་བྱུས་དང་ མི་སྡེའི་འགྱུར་བ་ལུ་ བརྩོན་ཤུགས་སྐྱེད་མི་ཚུ་ ཚོགས་ཁང་གི་གདོང་ཁར་ སྤུངས་འཛོམས་འབད་དེ་ ཨུ་ཚུགས་རྐྱབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཨེཛ་གིས་ ཤྲཱི་ལངྐ་ལུ་ སོ་ནམ་གྱི་དོན་ལས་ ཌོ་ལར་ས་ཡ་ ༤༠ གྲོགས་རམ་སྦེ་བྱིན་ནི།

ཨེ་བི་སི།སྤྱི་ཟླ་ ༩པའི་ཚེས་ ༡༠ ལུ་ ཡུ་ཨེཛ་གིས་ ཤྲཱི་ལངྐ་ལུ་ ལུད་དང་ གཞན་ཡང་ སོ་ནམ་ལུ་ དགོས་མཁོ་ཆེ་བའི་རིགས་ ཉོ་ནིའི་དོན་ལས་ ཌོ་ལར་ས་ཡ་ ༤༠ གྲོགས་རམ་སྦེ་ བྱིན་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་འབད་ནུག།དེ་ཡང་ ཤྲཱི་ལངྐ་ལུ་ དཔལ་འབྱོར་གྱི་ གནས་སྟངས་སྐྱོ་དྲགས་ཐལ་ཏེ་ བཟའ་འཐུང་དང་ ས་སྣུམ་ སྨན་ལ་སོགས་པ་ ཉོ་འདྲེན་འབད་ནིའི་དོན་ལུ་ ཕྱི་དངུལ་མེད་པའི་ དཀའ་ངལ་ཐོན་ནི་དེ་གིས་ཨིན་པས།དེ་འབདཝ་ལས་ རྒྱལ་ཁབ་དེ་ནང་ དབང་འཛིན་ཚུ་གིས་ ནང་འདྲེན་འབད་ནི་ བཀག་དམ་འབད་བ་ལུ་བརྟེན་ཏེ་ ནམ་དུས་ ༢ ཀྱི་རིང་ལུ་ སོ་ནམ་གྱི་ ལཱ་འབད་མ་ཚུགས་པར་ ལུས་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་དང་ རྒྱ་ནག་གི་ དམག་མི་ཚུ་ ལ་དཱགས་ཀྱི་ ས་གོ་ནང་ལས་ འཐོན་འགྱོ་དོ་ཡོདཔ།

ཨཱལ་ཇ་ཟི་ར།རྒྱ་གར་དང་ རྒྱ་ནག་གི་ ས་མཚམས་སྲུང་སྐྱོབ་འབད་མི་ དམག་སྡེ་ ༢ ཉེན་སྲུང་ལྟ་རྟོག་འབད་ས་ གོག་ར་ཚ་ཆུ་འི་ ས་གོ་ནང་ལས་ འཐོན་འགྱོ་ནི་ འགོ་བཙུགས་ནུག།དེ་ཡང་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༤ པ་ལས་ འགོ་བཙུགས་ཏེ་ རྒྱལ་ཁབ་ ༢ ཀྱི་ ས་སྲུང་དམག་མི་ཚུ་ གདོང་ཐུག་འབད་ཆོག་ཆོག་གི་ གནས་སྟངས་འཚུབ་དྲགས་ཅིག་ནང སྡོད་ཡོདཔ་ཨིན་པས།དེ་སྦེ་ འཐོན་འགྱོ་མི་དེ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ རྒྱ་གར་དང་ རྒྱ་ནག་གི་བར་ན་ དམག་སྡེའི་འགོ་དཔོན་གྱི་ གནས་ཚད་ཁར་ ཞལ་འཛོམས་ཐེངས་ ༡༦ པའི་ནང་ ཁ་འཆམ་བྱུང་མི་དང་འཁྲིལ་ཏེ་ཨིན་པས།དེ་འབདཝ་ལས་ རྒྱ་གར་དང་ རྒྱ་ནག་གི་ དམག་སྡེ་གཉིས་ཆ་ར་ གོག་ར་ཚ་ཆུ་འི་ ས་གོ་ནང་ལས་ འོས་མཐུན་ཐོག་ འཐོན་འགྱོ་ནི་ འགོ་བཙུགས་པ་ལུ་མརྟེན་ཏེ་ རྒྱ་དཀར་ནག་ ༢ ཀྱི་ ས་མཚམས་ཁར་ ཞི་བདེ་དང་ བག་ཕེབས་ཏོག་ཏོ་ འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཚད་ནད་ཀྱི་ སྨན་ཁབ་གསརཔ་དེ་གིས་ འཛམ་གླིང་ནང་ འགྱུར་བ་སྦོམ་འོང་ནི།

བི་བི་སི།འཛམ་གླིང་ནང་ འགྱུར་བ་སྦོམ་སྦེ་ འབག་འོང་ཚུགས་པའི་ ནུས་པ་ཅན་གྱི་ ཚད་ནད་ཀྱི་ སྨན་ཁབ་དེ་ ཨོགཛ་ཕོརཊ་ གཙུག་ལག་སློབ་སྡེའི་ མཚན་རིག་མཁས་པ་ཚུ་གིས་ བཟོ་ཡོདཔ་ཨིན་པས།མཚན་རིག་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་བཟོ་མི་ སྨན་ཁབ་དེ་གིས་ མོ་བཏབ་སྐབས་ལུ་ ཚད་ནད་འདྲོག་སི་སི་ལས་ བརྒྱ་ཆ་ ༨༠ ཕན་ནུས་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ལས་ ལོ་ཤུལ་མའི་ནང་ བཀྲམ་སྤེལ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།གནད་འགག་ཅན་གྱི་ སྨན་ཁབ་དེ་ ཁེ་ཏོག་ཏོ་སྦེ་ བཀྲམ་སྤེལ་འབད་ཚུགས་པའི་ཁར་ ལོ་བསྟར་བཞིན་དུ་ སྨན་ཁབ་ས་ཡ་ ༡༠༠ ལྷགཔ་རེ་ བཟོ་བསྐྲུན་འབད་ཚུགས་ ཟེར་ཨིན་པས།ཚད་ནད་བཀག་ཐབས་ཀྱི་ གྲོགས་རམ་ཚོགས་པ་གིས་ ལས་འགུལ་དེ་ལུ་བརྟེན་ཏེ་ ཨ་ལོ་ཚད་ནད་ཀྱིས་སྦེ་ ཤི་རྐྱེད་བྱུང་མི་ཚུ་ གཏང་ཚུགས་པའི་ རེ་བ་ཡོད་ལུགས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨ་མི་ཀ་གིས་ ཡུ་ཀེ་རེན་ དམག་སྡེའི་དོན་ལུ་ ད་རུང་ཡང་ ཌོ་ལར་ས་ཡ་ ༦༧༥ གི་ དམག་ཆས་གྲོགས་རམ།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚོས་ ༨ ལུ་ ཨ་མི་ཀའི་ སྲུང་སྐྱོབ་དྲུང་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་འཛིན་ཇཱོ་བཱའི་ཌེན་མཆོག་གིས་ ཡུ་ཀེ་རེན་ དམག་སྡེའི་དོན་ལུ་ ད་རུང་ཡང་ ཌོ་ལར་ས་ཡ་ ༦༧༥ དེ་ཅིག་གི་ དམག་ཆས་ཚུ་ གྲོགས་རམ་ཧེང་སྐལ་སྦེ་ བྱིན་ནི་གི་ གནང་བ་གྲོལ་ཡི་ཟེར་ཨིན་པས།གྲོགས་རམ་དེ་ནང་ གོ་མཚོན་ཚུ་དང་ ནདཔ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ཚུ་ དེ་ལས་ སྟོབས་མཚོན་ཚུ་ལུ་ གདོང་ལན་འབད་ནི་གི་ རིམ་ལུགས་ཚུ་གིས་གཙོས་པའི་ དམག་ཆས་ལེ་ཤ་ཅིག་ ཚུདཔ་ཨིན་ཟེར་ སྲུང་སྐྱོབ་དྲུང་ཆེན་གྱིས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ སྲུང་སྐྱོབ་དྲུང་ཆེན་གྱིས་ ཡུ་ཀེ་རེན་ དམག་མི་ཚུ་གིས་ ཁོང་རའི་རྒྱལ་ཁབ་ཀྱི་ ལྷོ་ཁ་ཐུག་ལུ་ ག་ནི་བ་ གལ་ཅན་ཅིག་ཨིན་མི་ དམག་འཁྲུག་ཟློག་ཐབས་ཀྱི་ ལཱ་འགོ་ཚུ་ཡང་ བཙུགས་ཡོདཔ་ལས་ ཁོང་གི་གྲོགས་རམ་ལུ་བརྟེན་ཏེ་ ཕན་ཐོགས་ཅན་གྱི་ གྲུབ་འབྲས་ཐོན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨ་མི་རི་ཀ་གིས་ ཏཱ་ཡེ་ཝཱན་ལུ་ ཌོ་ལར་ཐེར་འབུམ་ ༡.༡ གི་ གོ་མཚོན་ཚུ་བཙོང་ནི།

བི་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ ཨ་མི་རི་ཀ་གིས་ ཏཱ་ཡེ་ཝཱན་ལུ་ ཌོ་ལར་ཐེར་འབུམ་ ༡.༡ དེ་ཅིག་གི་ གོ་མཚོན་ཚུ་ བཙོང་ནི་ཨིན་པའི་ ངོས་ལེན་འབད་ཡོདཔ་ད་ དེ་ཡང་ རྒྱ་ནག་གི་ ཁ་ཐུག་ལས་ ཁོང་ཁྲོ་ལང་པའི་ གནད་ལུ་བརྟེན་ཏེ་ཨིན་པས།གོ་མཚོན་གྱི་ གྲོས་འཆར་དེ་ནང་ མཚོ་གྲུ་དང་ གནམ་གྲུའི་ཐོག་ལས་ མེ་མདའ་མི་ཛ་ཡེལ་ཚུ་ བརྟག་དཔྱད་འབད་ནི་གི་ མངོན་གསལ་འཕྲུལ་ཆས་ཅིག་ཡང་ ཚུད་དེ་ཡོདཔ་ཨིན་པས།ཡུ་ཨེཛ་གིས་ ཏཱ་ཡེ་ཝཱན་ལུ་ དེ་བཟུམ་མའི་ གོ་མཚོན་ཚུ་ བཙོང་དགོ་པའི་ གནད་དོན་གཙོ་བོ་ར་ འདས་པའི་ཟླཝ་ནང་ ཡུ་ཨེཛ་གི་ཚོགས་དཔོན་ ཨམ་ནན་སི་ པེ་ལོ་སི་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཏཱ་ཡེ་པི་ལུ་ བལྟ་སྐོར་འབད་བའི་ཤུལ་ལས་ ངོས་ལེན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཱཛ་ཊེ་ལི་ཡ་ལུ་ ལཱ་མང་རབས་ཅིག་ཡོད་རུང་ ལཱ་འབད་མི་ ཉུང་སུ་ཅིག་ལས་མེད་པའི་དཀའ་ངལ།

སི་ཨེན་ཨེན།སྤྱི་ལོ་ ༢༠༢༠ གི་ ལོ་འགོ་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ངོས་འཛིན་བྱུངམ་ད་ ཨཱཛ་ཊེ་ལི་ཡའི་ ས་མཚམས་འཛུལ་སྒོ་ཚུ་བསྡམས་ཏེ་ ཕྱི་མི་ནང་བསྐྱོད་ བཀག་དམ་འབདཝ་ལས་ ཟུར་བརྟག་ས་སྒོ་སྦེ་ སྤྱོད་ནི་གི་དོན་ལུ་ བཟའ་ཁང་ཚུ་ ལངམ་སྦེ་ཡོདཔ་ཨིན་པས།ད་རེས་ ནད་ཡམས་དང་འབྲེལ་བའི་ བཀག་འཛིན་ཚུ་ ཡངས་ཆག་བཏང་སྟེ་ ནད་ཡམས་ཀོ་ཝིཌ་ཐོབ་མི་ཚུ་ རང་སོའི་ཁྱིམ་ནང་ ཉིན་གྲངས་ ༧ གྱི་ཚབ་ལུ་ ཉིན་གྲངས་ ༥ རེ་ ཟུར་སྡོད་དགོ་དོ་ཡོདཔ་ཨིན་པས།ད་ཚུན་གྱི་རིང་ལུ་ ཨཱཛ་ཊེ་ལི་ཡའི མི་སེར་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་ནི་མེད་པར་ བཀག་དམ་འབད་དེ་ བཞག་མི་ཚུ་ ས་མཚམས་བརྒལ་ཏེ་འགྱོ་ནི་ལུ་ འུར་འབྱེལ་འཐབ་སྟེ་ཡོད་རུང་ ནད་ཡམས་མ་ཐོན་གོང་གི་ གནས་ཚད་ཁར་དེ་ མ་ལྷོད་ཟེར་ཨིན་པས།ཕྱི་མི་ནང་བསྐྱོད་ བཀག་དམ་འབད་ནི་དེ་གིས་ ཚོང་ལཱ་ཚུ་ནང་ ལས་མི་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་མ་ཚད་ སོ་ནམ་ཞིང་པ་ཚུ་ལུ་ཡང་ ལོ་ཐོག་བསྡུ་མི་ ལས་མི་མ་ཐོབ་པའི་ དཀའ་ངལ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྨན་ཁང་གི་ ལས་གཡོགཔ་ཚུ་ཡང་ དུས་ཐེབས་ཀྱི་ ལཱ་འབད་དགོཔ་ ཐོན་ཏེ་ཡོདཔ་དང་ བཟོ་བསྐྲུན་གྱི་ ལཱ་འབད་མི་ཚུ་ཡང་ ལཱ་གི་ས་ཁོངས་མ་འདྲཝ་ཚུ་ནང་ ཉུང་སུ་ལས་བརྒལ་ཏེ་ མེདཔ་ཨིན་པས།ཕྱི་མི་ནང་བསྐྱོད་དང་ […]

gyalchi
World News

པ་ཀིཛ་ཏཱན་ལུ་ ཆུ་རུད་ཐོན་ནི་དེ་གིས་ ད་རུང་ཡང་ མི་གྲངས་ ༥༧ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ཆུ་རུད་ལུ་བརྟེན་ཏེ་ ད་རུང་ཡང་ ཨ་ལོ་ ༢༥ རྩིས་ཏེ་ མི་གྲངས་ ༥༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་འབདཝ་ལས་ པ་ཀིཛ་ཏཱན་གྱི་རྒྱལ་ས་ ཨིཛ་ལ་མ་བཱད་ལུ་ བློན་ཆེན་ཤེ་བཱཛ་ ཤ་རིཕ་གིས་ འགོ་ཁྲིད་འོག་ལུ་ རྐྱེན་ངན་ལས་ སྲུང་སྐྱོབ་འབད་ནི་གི་ ཆེ་མཐོའི་མཉམ་འབྲེལ་སྡེ་ཚན་ཅིག་ གཞི་བཙུགས་འབད་ནུག།ད་ཚུན་གྱི་བར་ན་ རྒྱལ་ཁབ་དེ་ཁར་ ཆུ་རུད་ཐོན་མིའི་ནང་ ཨ་ལོ་ ༤༤༡ རྩིས་ཏེ་ མི་གྲངས་བསྡོམས་ ༡,༢༦༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་སེར་ས་ཡ་ ༣༣ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།ཆུ་རུད་དེ་ འཕྲོ་མཐུད་དེ་ར་ འཐོན་བཞིན་དུ་ཡོདཔ་ལས་ ད་རུང་ཡང་ ཨ་ལོ་ཚུ་ལུ་ ཤི་རྐྱེན་དང་ ནད་གཞི་ཚུ་ འཐོབ་ནི་གི་ ཉེན་ཁ་སྦོམ་ཡོད་པའི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཤྲཱི་ལངྐའི་ སྲིད་འཛིན་བགྲེསཔ་ གོ་ཊ་བཱ་ཡ་ ར་ཇ་པག་ས་དེ་ རྒྱལ་ཁབ་ནང་ ལོག་བྱོན་ཡོདཔ།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢ ཀྱི་ ནུབ་ཕྱེད་དེ་ཅིག་ཁར་ ཤྲཱི་ལངྐའི་ སྲིད་འཛིན་བགྲེསཔ་ གོ་ཊ་བཱ་ཡ་ ར་ཇ་པག་ས་དེ་ བེང་ཀོག་ལས་ སིངྒ་པོར་བརྒྱུད་དེ་ ཤྲཱི་ལངྐའི་རྒྱལ་ས་ ཀོ་ལོམ་བོའི་ རྒྱལ་སྤྱི་གནམ་ཐང་ནང་ ཕེབས་ཡོདཔ་ཨིན་པས།དེ་བསྒང་ ཁོ་རའི་སྲིད་ཚོགས་ཀྱི་ ཁྲིམས་བཟོ་འཐུས་མི་ཚུ་གིས་ བྱོན་ལེགས་ཞུ་བའི་ཤུལ་ལུ་ དམག་མི་ཚུ་གིས་ ཉེན་སྲུང་འབད་དེ་ ཀོ་ལོམ་བོ་ལུ་ཡོད་མི་ སྲིད་འཛིན་བགྲེས་པའི་ གཞུང་དབང་གཟིམ་ཅུང་ནང་ ཞུ་ནུག།དེ་ཡང་ ཤྲཱི་ལངྐ་ལུ་ དཔལ་འབྱོར་གྱི་ དཀའ་ངལ་སྦོམ་སྦེ་ར་ ཐོན་པ་ལུ་བརྟེན་ཏེ་ ཁོང་ཁྲོ་ལངས་མི་ མི་སེར་མང་རབས་ཅིག་གིས་ སྲིད་འཛིན་གོ་ཊ་བཱ་ཡ་ ར་ཇ་པག་སའི་ གཟིམ་ཅུང་དང་ ཡིག་ཚང་ཚུ་ནང་ ངོ་རྒོལ་འབད་ནི་དེ་གིས་ སྲིད་འཛིན་ར་ཇ་པག་ས་དེ་ ཕྱི་རྒྱལ་ལས་ཕར་ བྱོག་བྱོན་ཡོདཔ་ཨིན་པས།སྲིད་འཛིན་དེ་ མདངས་ཞག་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལས་ ཁོ་རའི་ཨམ་དང་ སྐུ་སྲུང་དམག་མི་ ༢ ཁྱིད་དེ་ མལ་ཌིབཛ་དང་ སིངྒ་པོར་ མཐའ་ཡས་ལེན་ རྒྱལ་ཁབ་ཚུ་ནང་ བྱོག་བྱོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡན་མར་ རྒྱལ་ཁབ་ཀྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སན་སུ་ཀི་ལུ་ ད་རུང་ཡང་ ལོ་ངོ་ ༣ གྱི་བཙོན་ཁྲིམས།

བི་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ དམག་སྡེ་གིས་ གཞུང་སྐྱོང་འབད་མི་ ཁྲིམས་ཀྱི་འདུན་ས་ལས་ མ་ཡན་མར་ རྒྱལ་ཁབ་ཀྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སན་སུ་ཀི་ལུ་ ད་རུང་ཡང་ ལོ་ངོ་ ༣ གྱི་ བཙོན་ཁྲིམས་བཀལ་ནུག།དེ་ཡང་ བཙག་འཐུའི་སྐབས་ལུ་ གཡོ་སྒྱུ་འབད་བའི་ ཉེས་འཛུགས་འབད་དེ་ བཀལ་ཡོདཔ་ད་ ད་རེས་བཀལ་མི་ བཙོན་ཁྲིམས་བརྩིས་ཏེ་ མོ་ལུ་ ལོ་ངོ་ ༢༠ གི་ བཙོན་ཁྲིམས་ཕོག་ཅི་ཟེར་ མོ་གི་ཁྲིམས་རྩོདཔ་ཚུ་གིས་ བཤད་ཡོདཔ་ཨིན་པས།ཨིན་རུང་ སྐྱེས་ལོ་ ༧༧ འབད་མི་ ཨམ་ཨང་སན་སུ་ཀིའི་ ཁ་ཐུག་ལས་ དེ་བཟུམ་མའི་ ཉེས་འཛུགས་བཀལ་མི་ཚུ་ག་ར་ སྲིད་དོན་ལུ་བརྟེན་ཏེ་ཨིནམ་སྦེ་ བཤད་ཐོག་ལས་ ཁས་མི་ལེན་དོ་ཡོདཔ་ཨིན་པས།ཨམ་ཨང་སན་སུ་ཀིའི་ རྩོད་བཤེར་སྐབས་ལུ་ མི་སེར་དང་ བརྡ་བརྒྱུདཔ་ཚུ་ ཁྲིམས་ཀྱི་འདུན་སར་ འཛུལ་མ་ཆོགཔ་མ་ཚད་ ཁྲིམས་ཀྱི་འདུན་སའི་ ཕྱི་ཁར་ཡང་ ཁྲིམས་རྩོདཔ་ཚུ་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསལ་བཤད་འབད་མ་ཆོག་པའི་ བཀག་ཆ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 8 Today: 382 Total visitors: 10412