
ས་སྣུམ་ཚུ་གི་ གོང་ཚད་ཡར་སེང་འགྱོ་མི་ལུ་ འབྲུག་གཞུང་གི་ ཁ་ཐུག་ལས་ རྒྱབ་སྐྱོར་ལྷན་ཐབས།
པདྨ་དབང་འདུས། སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོ་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཀྱི་ བདུན་ཕྲག་ཚུ་ནང་ རྒྱལ་སྤྱིའི་གནས་རིམ་ལུ་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་སྦོམ་སྦེ་ར་ སོང་སྟེ་ཡོད་ཟེར་ཨིན་པས། དེ་སྦེ་ ས་སྣུམ་གྱི་ གོང་ཚད་ཡར་སེང་འགྱོ་མི་ཚུ་ རྒྱལ་ཁབ་ནང་འཁོད་ལས་ དམ་འཛིན་འབད་མ་ཚུགས་པའི་ ཕྱི་ཁའི་བྱུང་རྐྱེན་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ ང་བཅས་རའི་ ནང་འཁོད་ཀྱི་ ས་སྣུམ་གོང་ཚད་ལུ་ཡང་ ཡར་སེང་ཐོན་ཡོདཔ་སྦེ་བཀོད་ནུག། དེ་བཟུམ་མའི་ ཡར་སེང་ཚུ་གིས་ ང་བཅས་རའི་ མི་སེར་ཚུ་གི་ ཉིན་བསྟར་འཚོ་སྐྱོང་ལུ་ ཐོ་ཕོག་དོ་ཡོད་མི་ལུ་ ངོས་ལེན་གྱི་སྒོ་ལས་ གཞུང་གིས་ སྡུག་སྦྱོང་མར་ཕབ་ཀྱི་དོན་ལུ་ འཕྲལ་མཁོའི་ཐབས་ལམ་ཚུ་ བཏོན་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱལ་ཡོངས་ས་སྣུམ་ སྟབས་བདེའི་སྒྲིག་བཀོད་བརྒྱུད་དེ་ སྤྱི་ཟླ་ ༣ པའི་ཚེས་ ༢༡ ལས་ བཟའ་ཚང་དང་ དཔལ་འབྱོར་ལུ་ རྒྱབ་སྐྱོར་གྱི་དོན་ལས་ ས་སྣུམ་གྱི་ གོང་ཚད་ལུ་ ལྷན་ཐབས་ཀྱི་ རྒྱབ་སྐྱོར་ཅིག་ འགོ་བཙུགས་ནུག། […]









