ArchiveAboutContact
National News

འབྲུག་གིས་ ཉིནམ་གཅིག་ནང་ འབྱུངས་རབས་ཅན་གྱི་ མཆོད་རྟེན་ ༡༠༨ གསར་བཞེངས་ལུ་གྲ་སྒྲིག།

gyalchi · 1 min read

པདྨ་དབང་འདུས།

སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྤྱི་ཟླ་ ༡༡ པའི་ཚེས་ ༡ རེས་གཟའ་ཟླ་བར་ དྲོ་པའི་ཆུ་ཚོད་ ༣ ལས་ འགོ་བཟུང་སྟེ་ ཉིནམ་གཅིག་ནང་ མཆོད་རྟེན་ ༡༠༨ གསར་བཞེངས་གནང་ནི་གི་ ལས་རིམ་ཡོད་ཟེར་ཨིན་པས།

དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ནང་ བཞེངས་གནང་ནི་གི་ ལས་འགུལ་གསལ་བསྒྲགས་གནང་སྟེ་ ཟླཝ་ ༨ འགོར་ཡོདཔ་ད་ ལས་འགུལ་འགོ་འདྲེན་འཐབ་མི་ཚུ་གིས་ དེ་བསྒང་ ནང་པའི་ཆོས་ལུགས་མ་འདྲཝ་ཚུ་གི་ བླ་སློབ་ཚུ་གིས་གཙོས་པའི་ མི་གྲངས་ ༡༥༠,༠༠༠ ལྷགཔ་ཅིག་ དགེ་ལེགས་ཕུག་ལུ་ སྤུངས་འཛོམས་འབད་ནི་གི་ ཚོད་རྩིས་བཏོན་ནུག།

དེ་ཡང་ རྒྱ་གར་ཨ་སཱམ་དང་ འབྲུག་གི་ས་མཚམས་ཀྱི་ ཉེ་འདབས་ལུ་ཡོད་པའི་ མའོ་གཙང་ཆུའི་ ཆུ་འགྲམ་བདའ་སྟེ་ ཀི་ལོ་མི་ཊར་ ༡༢ ཀྱི་ནང་འཁོད་ མཆོད་རྟེན་རེ་རེའི་བར་ན་ ས་ཐག་མི་ཊར་ ༡༠༨ རེ་ བཞག་གནང་སྟེ་ རིང་ཚད་མི་ཊར་ ༡༥ རེ་འབད་མི་ བྱང་ཆུབ་མཆོད་རྟེན་ཚུ་ སྤྱིར་འཛམ་གླིང་རྒྱལ་ཡོངས་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ ཕན་བདེ་ལུ་ ཆེད་དུ་བསྔོ་སྟེ་ བཞེངས་གནང་ནི་ཨིན་པས།

འབྲུག་གི་རྒྱལ་ས་ ཐིམ་ཕུ་ལས་ ལྷོ་ཁ་ཐུག་གི་ཁྲོམ་སྡེ་ དགེ་ལེགས་ཕུག་ལུ་ མི་རློབས་ ༡༢,༠༠༠ དེ་ཅིག་འབད་མི་ཚུ་གིས་ རྒྱལ་ཁབ་ནང་ འགྲུལ་བསྐྱོད་མཐོ་བའི་ དུས་ཚོད་ཁར་ སྔོན་ཆད་མ་བྱུང་པའི་ ཚད་གཞི་གུ་ བལྟ་སྐོར་ལུ་ འོང་སྲིད་མི་ཚུ་གི་དོན་ལུ་ གྲ་སྒྲིག་ཚུ་འབད་དོ་ཡོདཔ་ད་ ད་རེས་ཀྱི་ དུས་སྟོན་སྐབས་ལུ་ ཆོས་འབྲེལ་བླ་སློབ་ཚུ་ཡང་ ད་ཚུན་གྱི་བར་ན་ བྱུང་མ་མྱོང་པའི་ ཚད་གཞི་གུ་ སྤུངས་འཛོམས་སྦོམ་ཤོས་ཅིག་ འོང་ནི་ཨིནམ་སྦེ་ འགོ་འདྲེན་འཐབ་མི་ཚུ་གིས་ གསལ་བཤད་འབད་ནུག།

དེ་བསྒང་ རྒྱ་གར་དང་ རྒྱལ་ཁབ་གཞན་ཚུ་ལས་ཡང་ འགོ་དཔོན་དང་ མགྱོནམོ་བརྒྱ་ལས་བཅད་མི་ཚུ་གིས་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་ ས་ཁོངས་ཚུ་དང་ ཕྱིའི་རྒྱལ་ཁབ་ཚུ་གི་ ཁས་བླངས་པ་སྟོང་ཕྲག་ལས་བཅད་མི་ཚུ་དང་གཅིག་ཁར་ དུས་སྟོན་དེ་ནང་ གྲལ་གཏོགས་འབད་སྲིད་ནི་ཨིན་པས།

མཆོད་རྟེན་ ༡༠༨ འབད་མི་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཆོས་འབྲེལ་ལས་འགུལ་ ༢༠ ལྷགཔ་ཅིག་ཡོད་མིའི་གྲས་ལས་ ལས་འགུལ་ ༡ ཨིནམ་ད་ ཆོས་འབྲེལ་ལས་འགུལ་དེ་ཚུ་ མཉམ་བསྡོམས་ཐོག་ལས་ འབྲུག་མི་ཚུ་གི་ ཕན་བདེ་དང་ བརྩི་མཐོང་གོང་འཕེལ་ལྟེ་བ་ དེ་ལས་ དཔལ་འབྱོར་གྱི་ གོ་སྐབས་དང་ གསར་བཏོད་ལས་དོན་ མཐའ་འཁོར་གནས་སྟངས་ཀྱི་ འགོ་ཁྲིད་ཚུ་དང་བཅས་པའི་ ཁྲོམ་ཚོགས་ཀྱི་ ཀུན་སློང་གི་ བརྡ་མཚོནམ་ཨིན་ཟེར་བཀོད་ནུག།

མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ད་རེས་ མཆོད་རྟེན་བཞེངས་ནིའི་ གྲ་སྒྲིག་ཚུ་ མཇུག་བསྡུ་བའི་ གནས་སྐབས་ནང་ དགེ་ལེགས་ཕུག་ལུ་ བཞུགས་ཡོདཔ་ད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ གཞུང་གྲྭ་ཚང་གི་ བླ་སློབ་ཚུ་གིས་ བར་ཆད་བསལ་ཐབས་ལུ་ སྲི་མནན་ཚུ་ མཛད་གནང་ཡོདཔ་ཨིན་པས།

སྲི་མནན་ཚུ་ཡང་ གཟུངས་དང་ མཆོད་རྟེན་ཚུ་གི་ནང་རྟེན་ སྨོན་ལམ་ དེ་ལས་ བྱིན་ལྡན་ཅ་དངོས་ཚུ་གུ་ གནང་ཡོདཔ་ད་ དེ་ལས་ མཆོད་རྟེན་བཞེངས་མི་ཚུ་ལུ་ ཟླ་ངོ་ལེ་ཤ་གི་བར་ན་ སྒྲིག་ཁམས་རྐྱབ་ནི་གི་ སྦྱོང་བརྡར་ཚུ་ཡང་བྱིན་ནུག།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྤྱི་འཛིན་ དྲག་ཤོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལས་འགུལ་དེ་ཡང་ མཆོད་རྟེན་ཕུལ་མི་དང་ མཆོད་རྟེན་བཞེངས་མི་ དེ་ལས་ མཆོད་རྟེན་བཞེངས་སར་ གཟིགས་མི་ཚུ་ལུ་བརྟེན་ཏེ་གྲུབ་པའི་ ལས་འགུལ་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།

སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཨང་ཅན་གྲོས་གནས་ yoeja.com ཟེར་མི་དེ་ འགོ་འབྱེད་མཛད་གནང་སྟེ་ དུས་རབས་ལས་དུས་རབས་ཀྱི་བར་ན་ འབྲུག་གི་འབུལ་བའི་ལམ་སྲོལ་དེ་ ཡོངས་འབྲེལ་ཐོག་ལུ་ ལག་ལེན་འཐབ་བཏུབ་སྦེ་ བཟོ་གནང་ཡོདཔ་ད་ ད་རེས་ གྲོས་གནས་སྤྱོད་མི་ཚུ་གིས་ ཞི་བདེ་དང་ ཕན་བདེའི་དོན་ལུ་ ཨང་ཅན་ཕྱེངམ་གི་ཐོག་ལས་ མ་ཎིའི་འབུལ་བ་ཚུ་ ཕུལ་ཚུགས་ནི་ཨིནམ་སྦེ་བཀོད་ནུག།

གྲོས་གནས་དེ་ ད་རེས་ འབྲུག་ལུ་ ལག་ལེན་འཐབ་ཚུགས་དོ་ཡོདཔ་ད་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལས་ རྒྱལ་སྤྱིའི་གནས་རིམ་ནང་ ལག་ལེན་འཐབ་ཚུགས་ནི་ཨིན་པས།

ད་རེས་ཀྱི་ བདུན་ཕྲག་ནང་ལུ་ ཐིམ་ཕུ་ལས་ ཀི་ལོ་མི་ཊར་ ༢༥༠ གི་ས་ཁར་འབད་མི་ དགེ་ལེགས་ཕུག་དང་ ཐིམ་ཕུའི་བར་ན་ དམིགས་བསལ་གྱི་ གནམ་གྲུ་འཕུར་འགྲུལ་ཚུ་ འགོ་བཙུགས་ཏེ་ཡོད་པའི་ཁར་ དགེ་ལེགས་ཕུག་ལུ་ བཟའ་ཁང་ཚུ་ཡང་ག་ར་ མངགས་ཚར་ཏེ་ཡོདཔ་ལས་ གུར་གྱི་མཐུན་རྐྱེན་ཚུ་ བཅའ་སྒྲིག་རྐྱབ་དོ་ཡོདཔ་སྦེ་བཀོད་ནུག།

དེ་བཟུམ་སྦེ་ དགེ་ལེགས་ཕུག་ལུ་ འཛོམས་མི་ཚུ་གི་དོན་ལས་ གསོ་བའི་ཞབས་ཏོག་དང་ གཙང་སྦྲའི་མཐུན་རྐྱེན་ཚུ་རྩིས་ཏེ་ སྣུམ་འཁོར་ཧ་ལམ་ ༤༦,༠༠༠ དེ་ཅིག་གི་དོན་ལུ་ འགྲུལ་བསྐྱོར་འཆར་གཞི་དང་ སྐྱེ་འདྲེན་གྱི་ ཞབས་ཏོག་ཁ་སྐོང་ཚུ་ཡང་ བཅའ་སྒྲིག་རྐྱབ་ཡོདཔ་ཨིན་པས།

སྤྱི་ཟླ་ ༡༡ པའི་ཚེས་ ༡ རེས་གཟའ་ཟླཝ་ལུ་ དྲོ་པའི་ཆུ་ཚོད་ ༢ ལས་ འགོ་བཟུང་སྟེ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ མཆོད་རྟེན་བཞེངས་ས་དང་ རེས་གཟའ་མིག་དམར་ལུ་ རབ་གནས་གནང་ས་ དེ་གི་ཤུལ་མའི་ཉིན་མར་ སྐོར་ར་རྐྱབ་ས་ཚུ་ དངོས་མཐོང་སྦེ་ རྒྱང་བསྒྲགས་འཕྲུལ་ཁང་དང་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ རྒྱང་བསྒྲགས་འབད་ནི་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

National News

རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་ དྲིན་ཅན་ཨའི་གི་ ཉིནམ་བརྩི་སྲུང་།

རང་ཟླ་ ༩ པའི་ཚེས་ ༢༢ ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ དྲིན་ཅན་ཨའི་གི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན། དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས། སངས་རྒྱས་བཅོས་ལྡན་འདས་ དེ་སྦེ་ ལྷ་ཡུལ་ལུ་ བྱོན་དགོ་པའི་ རྒྱུ་མཚན་དེ་ཡང་ སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ བཤགས་ཡོདཔ་བཞིན་དུ་ སུམ་ཅུ་རྩ་གསུམ་གྱི་ ལྷའི་གནས་ལུ་ སྐུ་སྐྱེས་བཞེས་ཏེ་ བཞུགས་ནི་དེ་གིས་ ཡུམ་ལུ་ དྲིན་ལན་འཇལ་ནིའི་དོན་ལས་ ཆོས་གསུངས་པར་བྱོན་ནུག། དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ མི་ལོ་ ༦ གི་ཤུལ་ལས་ […]

gyalchi
National News

འབྲུག་ལུ་ རྒྱ་གར་གཞུང་གི་ བློན་པོ་ཅིག་ གཟིགས་སྐོར་ལུ་བྱོན་ཡོདཔ།

མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མགྲོན་བརྡ་གནངམ་བཞིན་དུ་ རྒྱ་གར་གཞུང་གི་ སྤྱི་ཚོགས་ལས་དོན་དང་ མི་རིགས་གྲངས་ཉུང་ལས་དོན་བློན་པོ་ ཤྲཱི་ཀི་རེན་རི་ཇི་ཇུ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་དུ ས་སྟོན་ནང་ གྲལ་གཏོགས་མཛད་ནི་ཨིན་པས། དེ་མ་ཚད་ བློན་པོ་ཀི་རེན་རི་ཇི་ཇུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་འགྲུབ་ཐབས་ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གི་ ཁས་ལེན་དང་ རྒྱ་གར་གྱི་ རྒྱབ་སྐྱོར་ལུ་ ཆེད་དུ་བསྔོ་བའི་ སྨོན་འདེབས་ཚུ་ཡང་ ཕུལ་ནི་ཨིན་པས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། ཤྲཱི་ཀི་རེན་རི་ཇི་ཇུ་གི་ གཟིགས་སྐོར་དེ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ཡོད་པའི་ ཡུན་གནས་མཐུན་ལམ་དང་ བློན་ཆེན་ན་རེན་ད་ར་ མོ་དི་དང་ རྒྱ་གར་གཞུང་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་འཆར་གྲུབ་གནས་ལུ་ འགྱུར་བ་མེད་པའི་ རྒྱབ་སྐྱོར་གྱི་ བརྡ་མཚོནམ་ཨིན་པའི་གནས་ཚུལ། Share Facebook Messenger WhatsApp Telegram […]

gyalchi
National News

ལ་ཡག་ལུ་ཡོད་མི་ ཁྱེགས་མཚོ་ཤིང་རྟ་ཕུ་མཚོ་རྦེད་དེ་ ཆུ་རུད་ཐོན་ཡོདཔ་ལས་ ས་གནས་ཁག་གི་ནང་གནོད་སྐྱོན།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༢༩ གི་དྲོ་པ་ ལ་ཡག་ལུ་ཡོད་པའི་ ཁྱེགས་མཚོ་ཤིང་རྟ་ཕུ་མཚོ་དེ་ རྦེད་པའི་རྐྱེན་གྱིས་ མོ་ཆུ་དང་ སྤུ་ན་གཙང་ཆུ་བདའ་སྟེ་ ཆུ་རུད་ཐོནམ་ལས་ ས་གནས་ཁག་མ་འདྲཝ་ཚུ་ནང་ གནོད་སྐྱོན་བྱུང་ཡོདཔ་ད་ དེ་ཡང་ མགར་ས་ལུ་འབད་བ་ཅིན་ ལྟག་རྩེ་དམག་ཁང་དང་ མགར་ས་ཚ་ཆུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས། ལྟག་རྩེ་དམག་ཁང་ལུ་ གསར་བབསྐྲུན་འབད་ཡོད་པའི་ མི་མང་ཆབ་གསང་དང་ མཛོད་ཁང་ཚུ་ཚུ་ མེདཔ་བཏང་པའི་ཁར་ མགར་ས་དང་ ལ་ཡག་བར་ནའི་ འཁོར་ལམ་ལུ་ཡང་ གནོད་སྐྱོན་བྱུང་ནུག། མགར་ས་ཚ་ཆུ་ལུ་ མི་མང་ཚ་ཆུ་སྦང་སའི་ ཆུ་རྫིང་ ༢ དང་ ཆེ་མཐོ་སྦང་སའི་ ཆུ་རྫིང་ཚུ་དང་སྦྲགས་ཏེ་ ཆབ་གསང་དང་ ངལ་སངས་ས་གོ་ ཐོག་གཡབ་ཅན་གྱི་ས་གོ་ ཆུ་སྦང་སའི་རྡོ་ཁྱིམ་ གོ་ལ་སོར་སའི་ཁང་ཁྱིམ་ ཚོང་གི་འབྲེལ་སྟེགས་ཚུ་ ཕྱགས་བདའ་ཡོདཔ་མ་ཚད་ སྣུམ་འཁོར་བཞག་ཐང་དང་ རྒྱལ་འཛིན་མགྲོན་ཁྱིམ་གྱི་ ཉེ་འདབས་ལུ་ཡོད་མི་ ཆབ་གསང་ཡང་ མེདཔ་བཏང་ཡོདཔ་ཨིན་པས། ཁྱེགས་མཚོ་རྦེད་པའི་སྐོར་ལས་ ལ་ནོར་འཚོ་མི་ཚུ་གིས་ ཉེན་བརྡ་ཚུ་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ ཁྱབ་སྤེལ་འབད་ཡོདཔ་ད་ ལ་ཡག་དང་ མགར་ས་ལུ་ […]

gyalchi
Online now: 3 Today: 1075 Total visitors: 52255
22,127Facebook followers
+28Today
+28This month