ArchiveAboutContact
National News

དགེ་ལེགས་ཕུག་ལུ་ ཕྱི་མི་ནང་བསྐྱོད་ཀྱི་དོན་ལུ་ རང་འགུལ་གློག་འཕྲུལ་གྱི་ ཐོན་འཛུལ་སྒོ་ར་སྒོ་འབྱེད།

gyalchi · 1 min read

པདྨ་དབང་འདུས།

སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཕྱི་མི་ནང་བསྐྱོད་ཀྱི་དོན་ལུ་ རང་འགུལ་གློག་འཕྲུལ་སྒོ་ར་ སྒོ་འབྱེད་འབད་ཡོདཔ་ད་ དེ་ཡང་ འོས་ཚད་ཡོད་པའི་ འབྲུག་མི་དང་ རྒྱ་གར་གྱི་ མི་སེར་ཚུ་གིས་ འབྲུག་དང་ རྒྱ་གར་གྱི་ ས་མཚམས་བརྒྱུད་དེ་ རྐང་ཐང་སྦེ་ འགྲུལ་བསྐྱོད་སྐབས་ལུ་ རང་སོའི་དངོས་གཟུགས་ཁྱད་རྣམ་ཚུ་ བདེན་དཔྱད་འབད་དེ་ ཐོན་འཛུལ་གྱི་དོན་ལུ་ ཉོག་སེལ་འབད་ནི་གི་ ལམ་ལུགས་འགོ་བཙུགས་ཡོདཔ་ཨིན་པས།

རང་འགུལ་གློག་འཕྲུལ་གྱི་ ཐོན་འཛུལ་སྒོ་ར་དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྤྱི་འཛིན་ དྲག་ཤོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ འགོ་འབྱེད་མཛད་ཡོདཔ་དང་ སྒོ་འབྱེད་རྟེན་འབྲེལ་དེ་ནང་ འགོ་དཔོན་དང་ མགྱོནམོ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།

རང་འགུལ་གློག་འཕྲུལ་སྒོ་ར་དེ་གིས་ འགྲུལ་བསྐྱོད་འབད་མི་ཚུ་གི་ ངོ་རྟགས་ཚུ་ ཐོ་བཀོད་གྲུབ་པའི་ རང་སོའི་དངོས་གཟུགས་ ཁྱད་རྣམ་ཚུ་དང་འབྲེལ་ཏེ་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་ད་ འོས་ཚད་ཡོད་པའི་ འགྲུལ་པ་ཚུ་གི་ ཉོག་སེལ་ཚུ་ ནམ་རྒྱུན་གྱི་ ལག་བཟུང་འཕྲུལ་ཆས་ཐོག་ལས་ ཞིབ་དཔྱད་ཚུ་ འབད་མི་དགོ་ནི་ཨིན་པས།

ད་རེས་ཀྱི་ ལམ་ལུགས་གསརཔ་དེ་གིས་ ཉོག་སེལ་ལུ་ སྒུག་དགོ་པའི་ དུས་ཡུན་མར་ཕབ་ འབད་ཚུགས་ནི་ཨིན་པའི་ཁར་ ས་མཚམས་རྒལ་ཏེ་ འགྱོ་ནི་དེ་ཡང་ སྔོན་དཔག་འབད་ཚུགསཔ་ བཟོ་ནི་ཨིནམ་སྦེ་ཡང་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ལམ་ལུགས་གསརཔ་དང་གཅིག་ཁར་ ཕྱི་མི་ནང་བསྐྱོད་ཀྱི་ སྔར་ཡོད་ཉོག་སེལ་ལམ་ལུགས་ཚུ་ཡང་ རང་འཇགས་ཡོདཔ་ལས་ རང་སོའི་དངོས་གཟུགས་ཁྱད་རྣམ་ ཐོ་བཀོད་མ་འབད་མི་ཚུ་ འཕྲོ་མཐུད་དེ་ར་ འབྲེལ་སྟེགས་ཁར་ཡོད་པའི་ ལས་བྱེདཔ་ཚུ་གིས་ ཞིབ་དཔྱད་ཀྱི་ བྱ་སྒོ་ཚུ་ ལག་ལེན་འཐབ་ནི་ཨིན་པས།

ཐོན་འཛུལ་སྒོ་ར་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་གོང་འཕེལ་གྱི་ ཆ་ཤས་ཅིག་ཨིནམ་ད་ སྒོ་ར་དེ་གིས་ དགེ་ལེགས་ཕུག་དང་ རྒྱ་གར་གྱི་བར་ན་ མི་སེར་ཚུ་གིས་ ཡར་སེང་ཅན་གྱི་ འགྲུལ་བསྐྱོད་ལུ་ ཕན་ཐོགས་ནི་ཨིནམ་སྦེ་བཀོད་ནུག།

འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ སྤྱི་འཛིན་གྱིས་འབད་བ་ཅིན་ ཐོན་འཛུལ་སྒོ་ར་དེ་ སྒྲིག་བཀོད་ཙམ་ཅིག་མིན་པར་ རྒྱ་འབྲུག་ས་མཚམས་ཀྱི་བར་ན་ རྒྱུན་འགྲུལ་འབད་མི་ཚུ་གིས་ ཐོ་བཀོད་འབད་ནི་ལུ་ གལ་ཆེ་བའི་ཁར་ ཉེན་སྲུང་བཙན་ཐབས་ཀྱི་དོན་ལུ་ཡང་ཨིན་ཟེར་ བཤད་ཡོདཔ་ཨིན་པས།

དེ་སྦེ་ ཐོན་འཛུལ་སྐབས་ལུ་ ཞབས་ཏོག་གི་ གླ་ཡོན་ཡང་ དུམ་གྲ་རེ་ བཀལ་ནི་ཨིནམ་ད་ མ་གཞི་ གླ་ཡོན་ཆུང་ཀུ་རེ་ བཀལ་བ་ལུ་ མ་དགའ་མི་རེ་ཡང་ འཐོན་སྲིད་རུང་ སྤུས་ཚད་ཅན་གྱི་ མཐུན་རྐྱེན་དང་ འཇོན་སྟབས་ཡོད་པའི་ ཞབས་ཏོག་ཚུ་ སྤྲོད་པ་ལུ་ཡང་ ཐོན་ཁུངས་དགོ་པས་ཟེར་བཀོད་ནུག།

དེ་འབདཝ་ལས་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁ་ཐུག་ལས་ མི་རེ་རེ་བཞིན་གྱི་དོན་ལུ་ ཞབས་ཏོག་དང་ མཐུན་རྐྱེན་ཚུ་ ལེགས་སྒྱུར་འབད་ནི་དང་འབྲེལ་ཏེ་ མི་མང་གིས་ གོ་རྟོགས་ཀྱི་སྒོ་ལས་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་གནང་ཟེར་ཨིནམ་ད་ ད་རེས་ ཐོན་འཛུལ་སྒོ་ར་དེ་གིས་ རྒྱལ་འབྲུག་གི་ མི་སེར་ཚུ་ལུ་ ཆ་གནས་ཡོད་པའི་ ཐོན་འཛུལ་གྱི་ དགོས་མཁོ་ཚུ་དང་འཁྲིལ་ཏེ་ ཞབས་ཏོག་ཚུ་ སྤྲོད་དོ་ཡོདཔ་ཨིན་པས།

ཨིན་རུང་ ཕྱི་རྒྱལ་ཁག་གི་ མི་སེར་ཚུ་གི་དོན་ལུ་ མཐུན་རྐྱེན་ཚུ་ རྒྱ་གར་གཞུང་གི་ འབྲེལ་ཡོད་ཡིག་ཚང་ཚུ་དང་ མཉམ་འབྲེལ་ཐོག་ལས་ ཤུལ་ལས་ འགོ་བཙུགས་ནི་དང་ ད་རེས་ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་ནི་དང་འབྲེལ་ཏེ་ མགྲོན་བརྡ་གནང་ཡོད་མི་ ཕྱིའི་མི་ཁུངས་ཚུ་ དཱད་ག་རི་ས་མཚམས་ཀྱི་ ཐོན་འཛུལ་ས་གོ་བརྒྱུད་དེ་ འགྲུལ་བསྐྱོད་འབད་ཚུགས་ཟེར་བཀོད་ནུག།

དེ་ཡང་ མགྲོན་བརྡ་གནང་ཡོད་མི་ཚུ་ རྐྱངམ་གཅིག་གི་དོན་ལུ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༤ ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༦ ཚུན་ གནས་སྐབས་ཀྱི་འགྲིག་ཆ་ཅིག་ཨིནམ་ད་ ཐོན་འཛུལ་ས་གོ་དེ་ཁར་ རྒྱ་གར་གྱི་ འབྲེལ་ཡོད་དབང་འཛིན་ཚུ་གི་ ཕྱི་མི་ནང་བསྐྱོད་དང་ ཉོག་སེལ་བྱ་སྒོ་ཚུ་དང་འཁྲིལ་དགོ་ནི་ཨིན་པས།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ གནས་སྐབས་ཀྱི་ འགྲིག་ཆ་བཟོ་ནི་ལུ་ ཆ་རོགས་འབད་མི་ རྒྱ་གར་གཞུང་ལུ་ བཀའ་དྲིན་ཆེ་ཟེར་ བཤད་ནི་དང་འབྲེལ་ ས་མཚམས་དེ་ནང་ལས་ འགྲུལ་བསྐྱོད་འབད་ནི་དེ་ ཉེན་སྲུང་ཅན་དང་ འཇོན་སྟབས་ཚུལ་མཐུན་ བཟོ་ནིའི་ལཱ་ཚུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དབང་འཛིན་གྱིས་ རྒྱ་འབྲུག་གཉིས་ཀྱི་ དབང་འཛིན་ཚུ་དང་གཅིག་ཁར་ འཕྲོ་མཐུད་དེ་ར་འབད་ནི་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *

Related

National News

ཛེག་རེ་པབ་ལིག་གི་ སྲིད་འཛིན་མཆོག་ལུ་ འབྲུག་གི་གཞུང་ཚབ་ འཚོ་སྐྱིད་ཆོས་སྒྲོན་གྱིས་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འབྲུག་གི་གཞུང་ཚབ་ འཚོ་སྐྱིད་ཆོས་སྒྲོན་གྱིས་ ཛེག་རེ་པབ་ལིག་གི་ པེ་རེག་ཕོ་བྲང་ནང་སྦེ་ སྲིད་འཛིན་པི་ཊར་པ་བེལ་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ནུག། དེ་སྦེ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་བའི་ཤུལ་ལུ་ སྲིད་འཛིན་པི་ཊར་པ་བེལ་དང་ བློན་ཆེན་ཨཱན་ཌྲེཇ་བ་བིཛ་གི་ སྐུ་མདུན་ལུ་བཅར་ཏེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཛེག་རེ་པབ་ལིག་གི་ སྲིད་འཛིན་དང་ བློན་ཆེན་ མི་སེར་བཅས་ལུ་ བཀྲིས་ལེགས་སྨོན་ཡོད་ལུགས་དང་ འབྲུག་གཞུང་གི་ ཁ་ཐུག་ལས་ ཛེག་རེ་པབ་ལིག་དང་གཅིག་ཁར་ མཐུན་ལམ་མདུན་བསྐྱོད་དང་ མཉམ་འབྲེལ་གྱི་ དང་འདོད་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས། པེ་རེག་ལུ་ གཞུང་ཚབ་སྐྱིད་ཆོས་སྒྲོན་གྱིས་ ཛེག་རེ་པབ་ལིག་གི་ ཕྱི་འབྲེལ་ལྷན་ཁག་དང་ བཟོ་གྲྭ་དང་ ཚོང་འབྲེལ་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ སྒེར་སྡེའི་ངོ་ཚབ་ཚུ་དང་ཕྱད་དེ་ དཔལ་འབྱོར་དང་ ཚོང་ལཱ་མཉམ་འབྲེལ་ ཡར་དྲག་གཏང་ནི་དང་ མཐའ་དོན་གཅིག་པའི་ གནད་དོན་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ནུག། འཚོ་སྐྱིད་ཆོས་སྒྲོན་དེ་ ཛེག་རེ་པབ་ལིག་ལུ་ འབྲུག་གི་གཞུང་ཚབ་དང་པ་ཨིནམ་ད་ གཞུང་ཚབ་མོ་ར་ བེལ་ཇི་ཡམ་གྱི་རྒྱལ་ས་ བར་སེལཛ་ལུ་ གཞི་གནས་འབད་དེ་ཡོདཔ་ཨིན་པས། འབྲུག་དང་ […]

gyalchi
National News

འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་མཁས་མཆོག་གི་ ཞལ་འཛོམས་ཐེངས་ ༡༦ པ་ ཚོགས་གནང་ཡོདཔ།

པདྨ་དབང་འདུས། འབྲུག་དང་ རྒྱ་ནག་གི་ ས་མཚམས་སྐོར་ལས་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༦ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལས་ ༡༥ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་ལུ་སྦེ་ གནང་ཡོདཔ་ཨིན་པས། ཞལ་འཛོམས་སྐབས་ལུ་ འབྲུག་གི་སྡེ་ཚན་འགོ་ཁྲིདཔ་ རྒྱལ་སྤྱི་ས་མཚམས་དྲུང་ཆེན་ ལས་འཕྲོ་སྟང་སྦིས་དང་ རྒྱ་ནག་སྡེ་ཚན་འགོ་ཁྲིདཔ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་འོག་གི་ ས་མཚམས་དང་ རྒྱ་མཚོའི་ལས་དོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཧའོ་ཡང་ཀི་ ༢ ཀྱིས་ མཉམ་འབྲེལ་ཁྲི་འཛིན་མཛད་ནུག། སྡེ་ཚན་གཉིས་ཀྱིས་ འཕྲལ་ཁམས་ཀྱི་ལོ་ཚུ་ནང་ ས་མཚམས་དང་འབྲེལ་བའི་ འགྲིག་ཆ་ནང་ ཡར་འཕེལ་བྱུང་ཡོད་མི་ཚུ་ བསྐྱར་ཞིབ་འབད་ཡོདཔ་ད་ འབྲུག་དང་རྒྱ་ནག་གི་ ས་མཚམས་སྐོར་ལས་ གོ་དོན་ཆིངས་ཡིག་ནང་ གོ་རིམ་གསུམ་འབད་མི་ མདུན་ལམ་དེ་ ལག་ལེན་གང་མགྱོགས་ འཐབ་ནིའི་དོན་ལུ་ གསུང་གྲོས་ཚུ་ཡང་ གནང་ཡོདཔ་ཨིན་པས། དེ་བསྒང་ འབྲུག་དང་ རྒྱ་ནག་གི་བར་ན་ཡོད་པའི་ མཐུན་ལམ་དང་ མཉམ་འབྲེལ་གྱི་ གནས་སྟངས་ནང་ […]

gyalchi
National News

འབྲུག་དང་ ཀམ་བོ་ཌི་ཡ་ ༢ ཀྱི་བར་ན་ དོན་གཅོད་མཐུན་ལམ་གཞི་བཙུགས།

པདྨ་དབང་འདུས། སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ ནིའུ་ཡོག་ལུ་སྦེ་ འབྲུག་དང་ ཀམ་བོ་ཌི་ཡའི་བར་ན་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ རྒྱལ་བརྒྱུད་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གོང་འཕེལ་གྱི་ མཛད་སྒོ་གལ་ཅན་ཅིག་ཨིན་པས། དེ་ཡང་ དོན་གཅོད་མཐུན་ལམ་ གཞི་བཙུགས་ཀྱི་ མཉམ་འབྲེལ་གསལ་བསྒྲགས་གུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ བསྟན་འཛིན་རང་གྲོལ་དབང་ཕྱུག་དང་ ཀམ་བོ་ཌི་ཡའི་ གཏན་འཇགས་སྐུ་ཚབ་ ཀི་ཡོ་ཆི་ཡ་ ༢ ཀྱིས་ མཚན་རྟགས་ཚུ་བཀོད་ནུག། དེ་སྦེ་ གསལ་བསྒྲགས་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ གཏན་འཇགས་སྐུ་ཚབ་ ༢ ཀྱིས་ ད་རེས་ཀྱི་ དོན་གཅོད་མཐུན་ལམ་གཞི་བཙུགས་དེ་ འབྱུང་རབས་ཅན་ཅིག་ཨིན་པའི་ཁར་ རྒྱལ་ཁབ་ ༢ དང་ མི་སེར་ཚུ་གི་བར་ན་ སྔར་བ་ལྷག་པའི་ མཐུན་ལམ་དམ་གཟབ་དང་ གོ་རྟོགས་དང་ མཉམ་འབྲེལ་གོང་འཕེལ་གྱི་དོན་ལུ་ གལ་གནད་ཆེ་བའི་ གོམ་པ་མདུན་སྤོའི་ རྟགས་མཚན་ཅིག་ཨིནམ་སྦེ་ བཤད་པའི་ཁར་ དོན་གཅོད་མཐུན་ལམ་དེ་ལུ་བརྟེན་ཏེ་ ཕན་ཚུན་མཐའ་དོན་གཅིག་པའི་ […]

gyalchi
Online now: 14 Today: 1184 Total visitors: 34826
21,992Facebook followers
+0Today
+6This month