སི་ཨེན་ཨེན།
རྒྱ་གར་གྱི་ ལྷོ་ཕྱོགས་མངའ་སྡེ་ ཀེ་ར་ལའི་ བྱང་ཤར་ས་ཁོངས་ ཝ་ཡ་ན་དི་ཟེར་སར་ སྤྱི་ཟླ་ ༧ པའི་ཚེས་ ༣༠ གི་དྲོ་པར་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ ས་རུད་སྦོམ་སྦེ་ཆད་པའི་ རྐྱེན་ངན་ཁག་ ༢ ཀྱི་ནང་ མི་གྲངས་ ༡༦༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་མ་ཚད་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་ནི་དེ་གིས་ གློག་མེ་དང་ འཁོར་ལམ་ ཟམ་ལ་སོགས་པའི་ མཐུན་རྐྱེན་ཚུ་ཡང་ མེདཔ་བཏང་པའི་ཁར་ ཤིང་ཆེན་ཚུ་ཡང་ ས་ཁར་གྱེལ་ཡོདཔ་ལས་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ འགྱོ་ནི་དེ་ ག་ནི་བ་ཡང་ ལཱ་ཁག་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
རྒྱ་གར་གྱི་ རྒྱལ་ཡོངས་རྐྱེན་ངན་གདོང་ལེན་སྡེ་ཚན་གྱིས་ མི་སྡེ་བརྡ་བརྒྱུད་ནང་བཀོད་མི་ གནས་སྟངས་བརྙན་ཐུང་ནང་ སྲོག་སྐྱབས་འབད་མི་ཚུ་གིས་ གྱིབ་ཀྱི་གྲུ་ཆུང་ཚུ་གི་ཐོག་ལས་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་སར་ མཐོང་དོ་ཡོད་པའི་ཁར་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་ཡང་ ལག་ལེན་འཐབ་སྟེ་འབད་རུང་ སྲོག་སྐྱབས་ཀྱི་ ལཱ་འབད་ནི་ལུ་ དོ་འགྲན་ལེ་ཤ་ཅིག་ཡོདཔ་ལས་ ལཱ་ཁག་གཏང་དོ་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་ ༧ པའི་ཚེས་ ༣༡ ཚུན་ལུ་ མི་གྲངས་ ༡,༠༠༠ དེ་ཅིག་ རྒྱ་གར་གྱི་ ལྷོ་ཕྱོགས་དམག་སྡེ་གིས་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ནང་ བསྐྱལ་ཚུགས་ཡོདཔ་ད་ ས་ཁོངས་དེ་ནང་སྡོད་མི་ ཇ་ན་ཀི་ཟེར་མི་གིས་ གནམ་ནུབ་མོར་ མོ་གི་བཟའ་ཚང་ཚུ་ གཉིད་ལོག་སྡོདཔ་ད་ གཙང་ཆུའི་ནང་ལས་ སྐད་ཤུགས་མ་འདྲཝ་ཅིག་གོ་སྟེ་ ཡར་ལོང་བལྟ་བའི་བསྒང་ལས་ ཁོང་གི་སྡོད་ཁྱིམ་གྱི་ མཐའ་སྐོར་ལུ་ ཆུ་འཁྱིལ་ཏེ་ཡོདཔ་ལས་ ཁྱིམ་ཚང་ཅིག་གི་ཁྱིམ་ནང་ གནསཔོ་གཉའ་སྡོད་ཅི་ཟེར་ཨིན་པས།
ཁོང་ཆ་ཁྱབ་ ཁྱིམ་ཚང་གི་ ཁང་མིག་ཅིག་ནང་ ཚ་གྱང་ལང་སྟེ་ སྡོད་པའི་བར་ན་ར་ རྡོ་དང་ཤིང་ཚུ་ རྦོབ་རིལ་འོངམ་ལས་ མོ་གི་རྨགཔ་དང་ བུམོ་ ༢ ལུ་ གནོད་སྐྱོན་མ་བྱུང་རུང་ ཇ་ན་ཀི་མོ་ར་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ ཁྱིམ་ཚང་གཞན་ཚུ་གི་ བཟའ་ཚང་ཚུ་ མིག་གིས་མཐོང་སར་མིན་འདུག་ཟེར་ཨིན་པས།
དེ་བསྒང་ རྨ་སྐྱོན་བྱུང་མི་ཚུ་ དྲོ་པ་ཁམས་ཅིག་ཁར་ ས་ཁོངས་ནང་ལྷོད་མི་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ སྨན་ཁང་ཚུ་ནང་ བསྐྱལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
རྒྱ་གར་ཀེ་ར་ལ་ལུ་ ས་རུད་ཆད་དེ་ མི་གྲངས་ ༡༦༧ ལུ་ཤི་རྐྱེན།
Related

རྒྱ་གར་གྱི་རྒྱལ་ས་ དིལླིའི་ས་ཁོངས་ཚུ་ནང་ ངོ་རྒོལ་འབད་མི་ཚུ་འཛིན་བཟུང་།
རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དགོངས་ཞུ་འབད་དགོཔ་སྦེ་ ངོ་རྒོལ་འབད་མི་ཚུ་ ཁ་ཕྱལ་བཏང་ཐབས་ལུ་ ཉེན་སྲུང་དམག་མི་ཚུ་གིས་ དིལླིའི་ས་ཁོངས་ཚུ་ནང་ འགྲུལ་སྐྱོད་བཀག་དམ་འབད་བའི་ཁཡ་ ཁྲིམས་སྲུང་འགག་སྡེ་གིས་ ངོ་རྒོལ་འབད་མི་ཚུ་ཡང་ བརྒྱ་ཕྲག་ལས་བཅད་དེ་ འཛིན་བཟུང་འབད་ནུག། དེ་བཟུམ་སྦེ་ ཁྲོམ་སྡེའི་ནང་འཁོད་ལུ་ ཁྲིམས་སྲུང་འགག་པ་དང་ ཞི་བའི་དམག་མི་ སྟོང་ཕྲག་ལས་བཅད་དེ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ཚོང་འབྲེལ་ལྟེ་བ་དང་ འགྲུལ་འཕྲིན་ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ཡང་ མཚམས་བཀག་འབད་ནུག། ངོ་རྒོལ་གྱི་ ས་ཁོངས་ཅིག་ཨིན་མི་ ཇཱན་ཏར་མན་ཏར་ལུ་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ངོ་རྒོལ་འགོ་མ་བཙུགས་པའི་ཧེ་མ་ལས་ ཉེན་སྲུང་དམག་མི་ཚུ་གིས་ སྒོ་བསྡམས་ཡོདཔ་ཨིན་པས། ཨིན་རུང་ ཁྲོམ་སྡེའི་ས་གནས་ ལག་བཟོའི་ཚོང་ཁང་དང་ མ་ཧཱཏ་མ་གཱན་དྷིའི་ དྲན་རྟེན་ཚུ་ནང་ ངོ་རྒོལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་ ཨམ་ནཱ་ཝི་པི་ལེ་གིས་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཐོབ་ཡོདཔ།
བི་བི་སི། སྤྱི་ལོ་ ༢༠༢༦ ལོའི་ འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་དང་ རྒྱལ་སྤྱི་ཁྲིམས་འདུན་གྱི་དྲང་དཔོན་ ཨམ་ནཱ་ཝི་པི་ལེ་ལུ་ གནང་ཡོདཔ་ཨིན་པས། ལྷོ་ཨཕ་རི་ཀའི་ དྲང་དཔོན་དེ་གིས་ ཞི་བདེ་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ ཡར་དྲགས་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ རྒྱལ་སྤྱི་ཁྲིམས་ལུགས་ཀྱི་ སྒྲིག་གཞི་ཡོངས་རྫོགས་ཀྱི་དོན་ལུ་ཡང་ ལམ་སྟོན་འབད་ཡོདཔ་སྦེ་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཚོགས་ཆུང་གིས་ གསལ་བཤད་འབད་ནུག། སྐྱེས་ལོ་ ༨༥ འབད་མི་ ཨམ་པི་ལེ་གིས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རེ་ཝང་ཌ་དང་ མི་ཡེན་མར་ གཱ་ཛ་ཚུ་རྩིས་ཏེ་ འགྲོ་བ་མིའི་ཐོབ་དབང་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ཉེས་འཛུགས་བཀལ་མི་ཚུ་ལུ་ གཞི་བཞག་སྟེ་ མཐོ་རིམ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས། མོ་གི་ཧེ་མའི་ལཱ་ཚུ་ཡང་ ལྷོ་ཨཕ་རི་ཀ་ལུ་ མི་རིགས་དཀར་ནག་ཕྱེ་མི་ལུ་ རྒྱབ་འགལ་འབད་མི་ རྩོལ་འདོད་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་ཁབ་ནང་ ཞི་བདེའི་གཟེངས་རྟགས་ཐོབ་མི་ མི་ངོམ་ ༥ པ་ཨིནམ་སྦེ་བཀོད་ནུག། ནོར་ཝེ་ཇིན་ལས་ […]

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།
བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།