ArchiveAboutContact
World News

བྱང་ཀོ་རི་ཡའི་ སྲིད་འཛིན་ཀིམ་གྱིས་ ཕྱད་མདའི་དོན་ལས་ གྲ་སྒྲིག་ཐོག་ལུ་ སྡོད་དགོ་པའི་བཀོད་རྒྱ།

· 1 min read

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དྲག་པོའི་གཙུག་ལག་སློབ་སྡེའི་ནང་ གཟིགས་སྐོར་གནང་པའི་སྐབས་ལུ་ ཕྱད་མདའི་དོན་ལས་ དུས་ནམ་ར་འབད་རུང་ གྲ་སྒྲིག་འབད་དེ་ སྡོད་དགོཔ་སྦེ་གསུངས་ནུག།
སྲིད་འཛིན་ཀིམ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ སྲིད་དོན་གྱི་ གནས་སྟངས་ཚུ་ བརྟན་ཏོག་ཏོ་མེད་པའི་ དུས་སྐབས་ནང་ ཕྱད་མདའི་དོན་ལས་ སྔོན་ཆད་མ་འབད་བའི་ གྲ་སྒྲིག་མཐིལ་ཕྱིན་སྦེ་ སྡོད་དགོ་ཟེར་ཨིན་པས།
འཕྲལ་ཁམས་ཀྱི་ ཟླཝ་ཚུ་ནང་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡའི་ མཐུན་འབྲེལ་རྒྱལ་ཁབ་ ཡུ་ཨེཛ་གི་ རྒྱབ་འགལ་ལུ་ ཁ་ཉེས་ཚུ་ ཡར་སེང་ཅན་སྦེ་ར་ བཀལ་ཏེ་ཡོདཔ་ད་ དེ་ཡང་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་གིས་ ཕྱད་མདའི་དམག་སྦྱོང་ཚུ་ རྒྱ་སྐྱེད་ཐོག་ལས་ འགོ་འདྲེན་འཐབ་སྟེ་ དྲག་པོའི་མཐུན་ལམ་ཚུ་ལུ་ གནོད་པ་རྐྱབ་ཡོད་པའི་ ཁ་ཉེས་ཚུ་ཡང་བཀལ་ནུག།
མདང་ཞག་ སྤྱི་ཟླ་ ༣ པའི་ནང་ཡང་ བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་ ནུབ་ཕྱོགས་ལུ་ཡོད་མི་ དྲག་པོའི་དམག་སྒར་ནང་ ཞིབ་དཔྱད་མཛདཔ་ད་ཡང་ ཕྱད་མདའི་དོན་ལུ་ སྔར་བ་ལྷགཔ་སྦེ་ གྲ་སྒྲིག་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༢ ལོར་ ལྷོ་ཀོ་རི་ཡ་ལུ་ སྲིད་འཛིན་ཡུན་སུག་ཡེ་ཨོལ་དེ་ བཙག་འཐུ་གྲུབ་ཞིནམ་ལས་ཚུར་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་དེ་ ཁོང་གི་བྱང་ཕྱད་གཙོ་བོ་ཅིག་ཨིནམ་སྦེ་ གསལ་བསྒྲགས་འབདཝ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་མེདཔ་ཐལ་ནུག།
སྲིད་འཛིན་ཡུན་གྱིས་ བྱང་ཀོ་རི་ཡ་དང་གཅིག་ཁར་ མཐུན་ལམ་མེད་པའི་ གནས་སྟངས་དེ་ འཕྲོ་མཐུད་དེ་ར་ སྒྲིང་སྒྲིང་སྦེ་ རྒྱུན་སྐྱོང་འཐབ་སྟེ་ཡོདཔ་ལས་ བྱང་ཀོ་རི་ཡའི་ སྲིད་འཛིན་ཀིམ་གྱིས་ རྒྱལ་ཁབ་ ༢ གཅིག་ཁར་བསྡོམ་ནིའི་དོན་ལུ་ ལཱ་འབད་མི་ ལས་སྡེ་ཚུ་ཡང་ ཆ་མེད་བཏང་སྟེ་ ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡའི་ས་ཆ་ མི་ལི་མི་ཊར་ ༠.༠༠༡ དེ་ཅིག་གི་ནང་ར་ ཧམ་འཛུལ་འབད་རུང་ ཕྱད་མདའ་ལང་ནི་ཨིན་པའི་ ཉེན་བརྡ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

World News

རྒྱ་གར་གྱི་རྒྱལ་ས་ དིལླིའི་ས་ཁོངས་ཚུ་ནང་ ངོ་རྒོལ་འབད་མི་ཚུ་འཛིན་བཟུང་།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དགོངས་ཞུ་འབད་དགོཔ་སྦེ་ ངོ་རྒོལ་འབད་མི་ཚུ་ ཁ་ཕྱལ་བཏང་ཐབས་ལུ་ ཉེན་སྲུང་དམག་མི་ཚུ་གིས་ དིལླིའི་ས་ཁོངས་ཚུ་ནང་ འགྲུལ་སྐྱོད་བཀག་དམ་འབད་བའི་ཁཡ་ ཁྲིམས་སྲུང་འགག་སྡེ་གིས་ ངོ་རྒོལ་འབད་མི་ཚུ་ཡང་ བརྒྱ་ཕྲག་ལས་བཅད་དེ་ འཛིན་བཟུང་འབད་ནུག། དེ་བཟུམ་སྦེ་ ཁྲོམ་སྡེའི་ནང་འཁོད་ལུ་ ཁྲིམས་སྲུང་འགག་པ་དང་ ཞི་བའི་དམག་མི་ སྟོང་ཕྲག་ལས་བཅད་དེ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ཚོང་འབྲེལ་ལྟེ་བ་དང་ འགྲུལ་འཕྲིན་ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ཡང་ མཚམས་བཀག་འབད་ནུག། ངོ་རྒོལ་གྱི་ ས་ཁོངས་ཅིག་ཨིན་མི་ ཇཱན་ཏར་མན་ཏར་ལུ་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ངོ་རྒོལ་འགོ་མ་བཙུགས་པའི་ཧེ་མ་ལས་ ཉེན་སྲུང་དམག་མི་ཚུ་གིས་ སྒོ་བསྡམས་ཡོདཔ་ཨིན་པས། ཨིན་རུང་ ཁྲོམ་སྡེའི་ས་གནས་ ལག་བཟོའི་ཚོང་ཁང་དང་ མ་ཧཱཏ་མ་གཱན་དྷིའི་ དྲན་རྟེན་ཚུ་ནང་ ངོ་རྒོལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་ ཨམ་ནཱ་ཝི་པི་ལེ་གིས་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཐོབ་ཡོདཔ།

བི་བི་སི། སྤྱི་ལོ་ ༢༠༢༦ ལོའི་ འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་དང་ རྒྱལ་སྤྱི་ཁྲིམས་འདུན་གྱི་དྲང་དཔོན་ ཨམ་ནཱ་ཝི་པི་ལེ་ལུ་ གནང་ཡོདཔ་ཨིན་པས། ལྷོ་ཨཕ་རི་ཀའི་ དྲང་དཔོན་དེ་གིས་ ཞི་བདེ་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ ཡར་དྲགས་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ རྒྱལ་སྤྱི་ཁྲིམས་ལུགས་ཀྱི་ སྒྲིག་གཞི་ཡོངས་རྫོགས་ཀྱི་དོན་ལུ་ཡང་ ལམ་སྟོན་འབད་ཡོདཔ་སྦེ་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཚོགས་ཆུང་གིས་ གསལ་བཤད་འབད་ནུག། སྐྱེས་ལོ་ ༨༥ འབད་མི་ ཨམ་པི་ལེ་གིས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རེ་ཝང་ཌ་དང་ མི་ཡེན་མར་ གཱ་ཛ་ཚུ་རྩིས་ཏེ་ འགྲོ་བ་མིའི་ཐོབ་དབང་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ཉེས་འཛུགས་བཀལ་མི་ཚུ་ལུ་ གཞི་བཞག་སྟེ་ མཐོ་རིམ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས། མོ་གི་ཧེ་མའི་ལཱ་ཚུ་ཡང་ ལྷོ་ཨཕ་རི་ཀ་ལུ་ མི་རིགས་དཀར་ནག་ཕྱེ་མི་ལུ་ རྒྱབ་འགལ་འབད་མི་ རྩོལ་འདོད་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་ཁབ་ནང་ ཞི་བདེའི་གཟེངས་རྟགས་ཐོབ་མི་ མི་ངོམ་ ༥ པ་ཨིནམ་སྦེ་བཀོད་ནུག། ནོར་ཝེ་ཇིན་ལས་ […]

gyalchi
World News

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།

བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

gyalchi
Online now: 7 Today: 4198 Total visitors: 6875