ཨེ་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ཨིན་ཌོ་ནེ་ཤི་ཡའི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇ་ཝ་མཚོ་གླིང་ལུ་ ས་ཡོམ་གྱིས་ ཧྲམ་བཏང་མི་ སྒྲིང་ཁྱིམ་ཚུ་གི་ རག་རོག་ཚུ་གི་ནང་ལས་ མི་རོ་ ༢༦༨ དེ་ཅིག་ ཐོབ་ཅི་ཟེར་ཨིན་པས།
མེག་ནེ་ཅཱུད་ ༥.༦ འབད་མི་ ས་ཡོམ་དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ གི་ ཕྱེད་ཡོལ་དེ་ཅིག་ཁར་ རྐྱབ་ཡོདཔ་ད་ ས་ཡོམ་དེ་ལུ་བརྟེན་ཏེ་ ད་རུང་ཡང་ མི་གྲངས་ ༡༥༡ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་ ༡,༠༨༣ ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ འཁོར་ལམ་དང་ ཟམ་ལེ་ཤ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།



