ArchiveAboutContact

Month: September 2026

World News

བོ་ལི་བི་ཡའི་ དྲག་པོའི་དམག་སྒར་ནང་ འབར་རྫས་གས་ཡོདཔ་ལས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་བྱུང་ཡོདཔ།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ བོ་ལི་བི་ཡའི་ དབང་འཛིན་ཚུ་གིས་ ཁྲོམ་ཚོགས་བི་ཡ་ཅ་ལུ་ཡོད་མི་ དྲག་པོའི་དམག་སྒར་ནང་ འབར་རྫས་ལན་ཐེངས་ ༢ གས་ཡོདཔ་ལས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོད་པའི་ གསལ་བཤད་འབད་ནུག།བོ་ལི་བི་ཡའི་ དྲག་པོའི་དམག་སྡེ་གིས་ རྐྱེན་ངན་དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ མེ་འབར་རྫས་སྦྱོར་ཚུ་ཡོད་མི་ མཛོད་ཁང་ནང་ བྱུང་ཡོདཔ་ད་ ས་ཁོངས་དེ་ རྒྱལ་ས་ལཱ་པཱཛ་ལས་ ཀི་ལོ་མི་ཊར་ ༣༠ དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།

World News

ནེ་པཱལ་གྱི་ འཚོལ་ཞིབ་དང་ སྲོག་སྐྱབས་སྡེ་ཚན་གྱིས་ ས་དོང་ནང་ གསོན་པོ་གཞན་མེདཔ་སྦེ་བཤད་ཡོདཔ། 

ཀཱཋ་མཱན་ཌུ་པོཛ། སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ འཚོལ་ཞིབ་དང་ སྲོག་སྐྱབས་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་ལུ་ ཆུ་རུད་ཀྱི་ རྐྱེན་ངན་ནང་ ཨ་པར་ཊྲི་ཤུ་ལི་ ཆུར་བརྟེན་གློག་མེ་ལས་འགུལ་ ༣ པ་ ཀ་པའི་ས་དོང་ནང་ལས་ མི་གསོན་པོ་ ༢ དང་ ཕུམོ་ ༡ མ་གཏོགས་ གཞན་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས། དེ་ཡང་ ཁྲིམས་སྲུང་སྡེ་ཚན་གྱི་འཐུས་མི་ ཨམ་བར་མ་ཧཱཏ་གིས་ སྲོག་སྐྱབས་ཀྱི་ འཐུས་མི་ ༧ གྱིས་ ས་དོང་ནང་གི་ ས་གོ་མ་འདྲཝ་ཚུ་ནང་ འཚོལ་ཞིབ་འབད་ཡོདཔ་ད་ དེ་བསྒང་ ནེ་པཱལ་གྱི་ དམག་སྡེའི་ནང་ལས་ཡང་ སྡེ་ཚན་ ༡ འཚོལ་ཞིབ་ཀྱི་དོན་ལུ་ ས་དོང་དེ་ནང་ འཛུལ་ཡོདཔ་སྦེ་བཤད་ནུག།

National News

རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གསརཔ་གིས་ ཁས་བླངས་དམ་བཅའ་ཕུལ་ཡོདཔ།

སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ འབྲུག་རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བསྟན་པ་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་ནང་སྦེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ གསང་བྱ་གཏན་འཁེལ་གྱི་ ཁས་བླངས་དམ་བཅའ་ ཕུལ་ཡོདཔ་ཨིན་པས།ཁས་བླངས་དམ་བཅའ་དེ་ཡང་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ནོར་བུ་ཚེ་རིང་གི་ སྐུ་མདུན་ལུ་སྦེ་ ཕུལ་ཡོདཔ་ད་ དེ་གི་ཤུལ་ལས་ ཚོགས་དཔོན་འོགམ་ སངས་རྒྱས་མཁའ་འགྲོ་གིས་ཡང་ ཚོགས་དཔོན་གྱི་ འགན་ཁུར་ཚུ་ ཚོགས་དཔོན་བསྟན་པ་རྡོ་རྗེ་ལུ་ རྩིས་འབུལ་ཞུ་ནུག།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤྲཱི་ལངྐའི་ བློན་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ ཤྲཱི་ལངྐའི་བློན་ཆེན་ ཌོག་ཊར་ཧ་རི་ནི་ ཨ་མ་ར་སུ་རི་ཡ་དང་ མཇལ་ཕྲད་མཛད་གནང་ནུག། ཌོག་ཊར་ཨ་མ་ར་སུ་རི་ཡ་དེ་ འབྲུག་གཞུང་གིས་ མགྲོན་བརྡ་གནངམ་བཞིན་དུ་ སྤྱི་ཟླ་ ༨ པའི་ཚེས་ ༣༡ ལས་ སྤྱི་ཟླ་ ༩ པའི་ཚེས་ ༤ ཚུན་ལུ་ འགོ་འདྲེན་འཐབ་མི་ རྒྱལ་སྤྱིའི་དྲན་ཚོར་བཟའ་ཆས་རིམ་ལུགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ནང་ གྲལ་གཏོགས་གནང་པར་ བྱོན་ཡོདཔ་ཨིན་པས། འབྲུག་དང་ ཤྲཱི་ལངྐའི་བར་ན་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་ ༡༩༨༧ ལུ་ གཞི་བཙུགས་གནང་ཡོདཔ་ད་ དུས་དེ་ལས་ཚུར་ ནང་པའི་ཆོས་ལུགས་ལུ་ བརྩི་མཐོང་ཤོ་མཚུངས་དང་ ཕན་ཚུན་ལུ་ གུས་ཞབས་དང་ ལེགས་སྨོན་ཚུ་ལུ་ གཞི་བརྟེན་པའི་ མཐུན་ལམ་ལེགས་སྐྱོང་ཐོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།

World News

རྒྱ་གར་གྱི་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ གླ་འཁོར་གཏང་མི་ཚུ་ལུ་ མ་ར་ཐི་ ཁ་སྐད་སྦྱང་ནི་ལུ་ ལོ་ངོ་གཅིག་གི་དུས་ཚོད།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ རྒྱ་གར་གྱི་ ནུབ་ཕྱོགས་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ སྐྱེལ་འདྲེན་འགོ་དཔོན་ཚུ་གིས་ མངའ་སྡེ་དེ་ནང་ གླ་འཁོར་དང་ ཊུག་ཊུག་གཏང་མི་ཚུ་གིས་ མངའ་སྡེའི་གཞུང་ཁ་ མ་ར་ཐི་ཤེས་དགོཔ་ གལ་ཆེ་བའི་ གནད་ལུ་བརྟེན་ཏེ་ སྤྱི་ཟླ་ ༨ པའི་ཚེས་ ༢༠ ལས་ མ་ར་ཐི་ཁ་སྐད་ཀྱི་ ཆོས་རྒྱུགས་ལེན་ནི་ འགོ་བཙུགས་ནུག། དེ་བསྒང་ ཆོས་རྒྱུགས་མཐར་འཁྱོལ་མ་ཚུགས་མི་ཚུ་ལུ་ ཁ་སྐད་སྦྱང་ནི་གི་དུས་ཡུན་ ཟླཝ་རེ་བྱིན་དོ་ཡོདཔ་ད་ ད་རུང་ཡང་ ཆོས་རྒྱུགས་ནང་ མཐར་མ་འཁྱོལ་བ་ཅིན་ གླ་འཁོར་གཏང་ནི་གི་ ཆོག་ཐམ་མཚམས་འཇོག་ ཡང་ཅིན་ ཆ་མེད་གཏང་ནི་གི་ ཉེན་ཁ་ཡོདཔ་ཨིན་པས། མངའ་སྡེ་གཞུང་གིས་ གླ་འཁོར་དང་ ཊུག་ཊུག་གཏང་མི་ཚུ་གིས་ འགྲུལ་བསྐྱོད་འབད་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ ལེགས་སྒྱུར་གྱི་དོན་ལུ་དང་ འགྲུལ་བསྐྱོད་དེ་ ཉེན་སྲུང་ཅན་ བཟོ་ཐབས་ལུ་ཨིན་ཟེར་བཀོད་ནུག།

Online now: 35 Today: 3909 Total visitors: 6586