ArchiveAboutContact
རྩང་མོ།

རྩང་མོ་དགའ་བའི་འཛུམ་ཟེར།

gyalchi · 1 min read

བསམ་འཕེལ་ནོར་བུ་བཟུམ་མའི། །ཧིང་ལས་དགའ་བའི་སྨིན་ཆུང་། །ཕྱག་དང་མཆོད་པ་ཕུལ་ཏེ། །ཁྱོད་ལུ་ཞབས་ཏོག་ཞུ་གེ །

དབང་པོ་སྒོ་ལྔ་ཚང་བའི། །མི་ལུས་རིན་ཆེན་ཐོབ་ད། །ན་གཞོན་དགའ་བའི་དགའ་སྤྲོ། །མཉམ་ཅིག་སྒྱུར་གེ་མིན་ན། །

དགའ་སྐྱིད་ལྡན་པའི་གཡུས་བཟང་། །ལྷ་ཡི་ཞིང་ཁམས་འདྲ་བས། །ལས་དབང་ཅན་གྱི་སྟག་ཤར། །དགའ་བའི་ཉམས་ཅིག་སྒྱུར་གེ །

ནང་སེམས་བྱམས་བརྩེ་ཆེ་ན། །ཕྱི་ཡི་སྤྱོད་རྣམ་མཛེས་པས། །སོལ་མོ་གནག་པའི་རང་བཞིན། །ཆུ་གིས་འཁྱུ་སྟེ་མི་དག །

རང་གི་བཟོ་ཉེས་མ་ཤེས། །གཞན་ལུ་མི་འཇའ་སླབ་མས། །ལོ་འདབ་མེད་པའི་ཤིང་ལུ། །གྱིབ་མ་བཏུབ་ཟེར་མ་སླབ། །

སྐྱིད་དང་སྡུག་པ་ཟེར་མི། །ད་རིས་ནངས་པའི་ཁྱད་པར། །ལས་ཀྱིས་བསྐོས་པའི་སྐྱིད་སྡུག །གདོང་ལེན་འབད་ར་འབད་དགོ །

སྐྱེ་རྒ་ན་འཆིའི་སྡུག་བསྔལ། །འཇིག་རྟེན་འཁོར་བའི་རང་བཞིན། །མི་དགོ་མི་བཅའ་སླབ་པར། །དབང་དང་ཚད་ཅིག་མིན་འདུག །

ལྕང་མ་ལྕང་ཤིང་ཡོམ་ཡོམ། །ཕར་གཡོ་ཚུར་གཡོ་མ་གནང་། །དགུན་གསུམ་དགུན་གྱི་དུས་ལུ། །ལྕང་མ་སྐམ་ཤིང་རང་རོང་། །

དགའ་བའི་བུ་མོ་མཛེས་མ། །བཞུགས་ས་ས་ཐག་རིང་སོང་། །ས་ཐག་རིང་པའི་བློ་མིན། །ང་རང་སེམས་ཐག་རིང་པས། །

མགར་བ་མཁས་པས་བཟོ་མི། །བུ་མོའི་འཕྲུལ་གྱི་ལྡེ་མིག །བུ་ཆུང་ཚོང་དཔོན་ངེད་ཀྱི། །བང་མཛོད་ཕྱེ་བར་འབྱོན་གནང་།།

ཡར་གྱི་རི་བོའི་རྩེ་གི །དཀར་པོ་བྱང་ཆུབ་མཆོད་རྟེན། །མཆོད་རྟེན་ནང་གཟུངས་མེད་པར། །སྐོར་ར་རྐྱབ་དགོ་མ་མནོ། །

གཙང་ཆབ་ཆུ་ཆེན་གུ་ལུ། །ཟམ་པ་བཙུགས་ཏེ་ཡོད་རུང་། །ཉ་རོགསཔ་རང་གི་དོན་ལུ། །ཟམ་པའི་དགོས་པ་མིན་འདུག །

མཐོ་བའི་སྒང་ལས་འབབ་ཚེ། །གཙང་ཆུ་གསུང་སྐད་ཆེ་རུང་། །པད་མའི་ཐང་ལུ་ལྷོད་ཚེ། །གསུང་སྐད་གར་སོང་མིན་འདུག །

ཆུང་དུས་ཕ་མས་གཅེས་རུང་། །གཞོན་དུས་གྲོགས་ཀྱིས་མ་གཅེས། །འཁོར་བའི་རང་བཞིན་འདི་ལུ། །གཅེས་དང་མ་གཅེས་མིན་འདུག །

རྒྱ་མཚོ་ཡངས་པའི་གླིང་ལུ། །དུང་དཀར་བརྒྱ་དང་སྟོངཡོད་། །རང་ལུ་དགོ་པའི་གཡས་འཁྱིལ། །མིག་གིས་མཐོང་སར་མིན་འདུག །

Comments are closed.

Related

རྩང་མོ།

རྩང་མོ་བློ་རིག་མེ་ཏོག།

གདན་ཅུང་ཁ་གང་གྲུ་བཞི། །སྡོད་ན་རང་ཡང་མ་ཤོང་། །དགའ་ན་ཁྱོད་ཡང་ལོག་ཤོག །ཁྱོད་དང་ང་སྦེ་སྡོད་གེ ། རྟ་གིས་ལྕང་མ་མནོཝ་དེས། །ལྕང་མས་རྟ་ལུ་མ་མནོ། །རྟ་དང་ལྕང་མའི་བར་ལས། །ཚལ་མའི་ར་བ་བསྒོར་ཆི། ། ལྕང་མ་ལྕང་ཤིང་མང་བ། །ནོར་བུ་གླིང་གི་ལྕང་ཤིང་། །དགའ་བའི་བསིལ་དྲོད་ལྡན་པ། །ལྕང་མ་གཅིག་ལས་མིན་འདུག ། སྐོར་ལམ་བྲག་གི་སྐེད་པར། །དཀོན་གཉེར་མེད་པའི་ལྷ་ཁང་། །མཆོད་དྲི་གསུང་སྐད་ཧན་རུང་། །གསིག་མི་མེད་པར་ལུས་དོ། ། ཁ་ལ་སྐོམ་པའི་དབང་གིས། །ཆུ་མོ་ཧུབ་གསུམ་འཐུངས་ཡི། །ཉ་མོ་ཁོང་ལ་ཚུད་དེ། །ལུས་སེམས་བདེ་བ་མ་བྱུང་། ། ཁང་པ་དུད་པ་ཚ་བ། །སྒོ་སྒྲིག་རླུང་མ་ཚ་བ། །ཁང་པ་དེ་ལས་མེད་ན། །འགྲུལ་པ་འཁོར་ས་མིན་འདུག །སྟོད་པའི་རོང་ལས་གཤོང་ལས། །སྒ་མ་དར་གྱི་ལྕུ་གུ། །བཅག་ན་བཅག་དགོ་མ་བདེ། །བཞག་ན་སེམས་ཐག་མ་ཆོད། ། མཉམ་ཅིག་འགྱོ་བའི་ཤ་བ། །རྭ་བ་རིང་ཐུང་མེད་རུང་། །རྨིག་པ་རིང་ཐུང་ཞུགས་ཏེ། །འགྲན་པའི་སྐལ་བ་མ་བྱུང་། ། གངས་དཀར་རྩེ་ལས་འབབ་པའི། །ཆུ་མོ་སྐྱིད་ཆུ་སྔོན་མོ། །ལྷ་ས་ཇོ་བོའེ་སྐུ་མདུན། །ཡོན་ཆབ་ལན་ཅིག་ཕུལ་གེ ། གངས་ཀྱི་ཆུ་དཀར་མེ་ཏོག །ལྡུམ་རའི་སེར་ཤོག་མེ་ཏོག །མཆོད་བཤམས་ཁྲ་མོའི་ནང་ལུ། །ལན་ཅིག་རང་གིས་ཕུལ་གེ ། ཏམ་ཁུ་ཨ་མས་བསྒྲལ་བ། །ཆུ་དྲིལ་དཔྱལ་བར་བཅིངས་ནུག །བཟོ་རྣམ་ཕུ་ཀྲེ་འཇའ་རུང་། །འཛོམས་སར་ཨོ་ལ་འགྱོ་དགོ ། པད་ཀར་སེར་པོའི་མེ་ཏོག […]

gyalchi
Online now: 11 Today: 4138 Total visitors: 6815