པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ རྒྱལ་སྤྱི་རྐང་རྩེད་ཚོགས་པའི་གཙོ་འཛིན་ གི་ཨ་ནི་ཨིན་ཕཱན་ཊི་ནོ་ལུ་ འབྲུག་གི་སྔར་ཁྱུན་ལམ་སྲོལ་དང་ རང་ལུགས་རྩེད་རིགས་ དེ་ལས་ ཡོངས་གྲགས་ཅན་གྱི་ མགྲོན་སྐྱོང་ཐོག་ལས་ བསུ་བ་དང་འབྲེལ་བའི་ གསོལ་སྟོན་ཅིག་ མཛད་གནང་ནུག།
གཙོ་འཛིན་ཨ་ནི་ཨིན་ཕཱན་ཊི་ནོ་དེ་ མི་དབང་རྒྱལ་སྲས་མཆོག་གིས་ ཆེད་བསྟོད་དང་ གུས་བཀུར་གྱི་ བརྡ་མཚོན་པའི་ འབྱོན་ལེགས་ཀྱི་ ཁ་དར་དང་ ཆིབས་གྲལ་ཐོག་ལས་ བསུ་བ་མཛད་གནང་ཡོདཔ་ད་ གསོལ་སྟོན་གྱི་སྐབས་ལུ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ལམ་སྲོལ་བཟང་པོ་དང་ ངོ་རྟགས་ཚུ་ དངོས་མཐོང་ཉམས་མྱོང་གི་དོན་ལུ་ ལམ་སྲོལ་ཅན་གྱི་ གླུ་གར་གྱི་ལྟདམོ་ཅིག་ཡང་ འགོ་འདྲེན་འཐབ་གནང་ཡོདཔ་ཨིན་པས།
རྒྱལ་སྤྱི་རྐང་རྩེད་ཚོགས་པའི་ གཙོ་འཛིན་ལུ་ འབྲུག་ཨོ་ལིམ་པིག་ཚོགས་ཆུང་དང་ རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཁག་གི་ གཙོ་འཛིན་ཚུ་དང་ བཀོད་ཁྱབ་འཐུས་མི་ཚུ་ དེ་ལས་ གཞན་ཡང་ འགོ་དཔོན་ཚུ་དང་བཅས་པའི་ འབྲུག་གི་རྩེད་རིགས་མི་སྡེའི་ ངོ་ཚབ་ཚུ་གིས་ གྲལ་གཏོགས་གཅིག་སྒྲིལ་གྱི་སྒོ་ལས་ ཕེབས་བསུ་ཞུ་ནུག།
དེ་བསྒང་ རྒྱལ་སྤྱི་རྐང་རྩེད་ཚོགས་པའི་གཙོ་འཛིན་ ཨིན་ཕཱན་ཊི་ནོ་ལུ་ འབྲུག་གི་རང་ལུགས་རྩེད་རིགས་ མདའ་རྩེད་དང་ ཁུ་རུ་ རྡོ་སྒོར་བརྡུང་ནི་ཚུ་ ངོ་སྤྲོད་འབད་བའི་སྐབས་ལུ་ གཙོ་འཛིན་གྱིས་ཡང་ མདའ་རྩེད་དང་ ཁུ་རུའི་ནང་ ཚ་གཏད་དྲན་བཏོན་ཚུ་ནང་ གྲལ་གཏོགས་ཐོག་ལས་ ལག་རྩལ་དང་ རིག་རྩལ་གྱི་ ཉམས་མྱོང་འཐོབ་ཐབས་ཚུ་འབདཝ་ལས་ དུས་སྐབས་དེ་ཡང་ འབྲུག་གི་རྩེད་རིགས་དང་འབྲེལ་བའི་ འགྲེམ་སྟོན་ཉག་གཅིག་ལས་ལྷག་པའི་ གོ་སྐབས་ཅན་གྱི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གསོལ་སྟོན་ནང་ཡང་ འབྲུག་གི་ལམ་སྲོལ་ཅན་གྱི་ བཟའ་འཐུང་སྣ་ཚོགས་ཀྱི་སྒོ་ལས་ རྒྱརྒྱལ་སྤྱི་རྐང་རྩེད་ཚོགས་པའི་ གཙོ་འཛིན་ལུ་ འབྲུག་རྒྱལ་ཁབ་ཀྱི་ ཁྱད་ཆོས་ཅན་གྱི་ བཟའ་འཐུང་ཚུ་གི་ བྲོཝ་ཚུ་མྱོང་ནི་གི་ གོ་སྐབས་ཐོབ་ཡོདཔ་ད་ དེ་ཡང་ ལམ་སྲོལ་ཅན་གྱི་བསུ་བ་ལས་ འགོ་བཟུང་སྟེ་ སྤྲོ་སྟོན་དང་ རྩེད་རིགས་འགྲེམ་སྟོན་ཚུ་གི་ཐོག་ལས་ འབྲུག་གིས་ མགྱོནམོ་ཚུ་ལུ་ མགྲོན་སྐྱོང་འབད་ཚུལ་དང་ ཁྱད་ཆོས་ཅན་གྱི་ ངོ་རྟགས་ཚུ་གི་ བརྡ་མཚོན་སྟོན་ནུག།
ད་རེས་ རྒྱལ་སྤྱི་རྐང་རྩེད་ཚོགས་པའི་གཙོ་འཛིན་ འབྲུག་ལུ་འོང་མི་དེ་ འབྲུག་གི་རྩེད་རིགས་དང་ ལམ་སྲོལ་ཚུ་ བརྗེ་སོར་འབད་ནི་དང་ རྩེད་རིགས་ཀྱི་སྒོ་ལས་ ལམ་སྲོལ་མ་འདྲཝ་དང་ མི་སྡེ་མ་འདྲཝ་ཚུ་གི་བར་ན་ མཐུན་འབྲེལ་གྱི་ ཟམ་བཟུམ་ཅིག་ལུ་ གྱུར་ཡོདཔ་མ་ཚད་ འབྲུག་གི་མགྲོན་སྐྱོང་ལམ་སྲོལ་དང་ རྩེད་རིགས་ མི་སེར་བཅས་ཀྱི་ ཡུན་གནས་ཅན་གྱི་ མཐུད་སྦྲེལ་གྱི་ དུས་སྟོན་ཅིག་ལུ་ཡང་ གྱུར་ཡོདཔ་ཨིན་པའི་གནས་ཚུལ།





Leave a Reply