རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་ མ་ཧཱ་ཝ་ཇི་ར་ལོང་ཀཱོན་མཆོག་གིས་ བློན་ཆེན་གསརཔ་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་རའི་ ལྷན་རྒྱས་གཞུང་ཚོགས་གསརཔ་ལུ་ ངོ་སལེན་མཛད་གནང་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་ནང་ འཐུས་མི་ ༣༦ གི་གྲས་ཁར་ འཐུས་མི་གསརཔ་ ༡༢ ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་ ཧེ་མའི་བློན་ཆེན་ སེ་རེ་ཐ་ ཐ་ཝི་སིན་དེ་ ཁྲིམས་འདུན་ཅིག་ལས་ ཧང་སྟོང་མར་ ཕྱིར་དབྱུང་འབད་བའི་ཤུལ་ལུ་ སྤྱི་ཚོགས་ནང་ལས་ ལོ་ན་ཆུང་ཤོས་སྦེ་ སྐྱེས་ལོ་ ༣༨ འབད་མི་ ཨམ་པེ་ཏོང་ཏ་རཱན་དེ་ མཐའ་ཡས་ལེན་གྱི་ བློན་ཆེན་གསརཔ་སྦེ་ བཙག་འཐུ་གྲུབ་ནུག།
བློན་ཆེན་པེ་ཏོང་ཏ་རཱན་གྱི་ སྲིད་དོན་ཚོགས་པ་ ཕིའུ་མཐའ་ཡས་ཀྱིས་ སྤྱི་ལོ་ ༢༠༠༡ ལས་ཚུར་ གཞུང་སྐྱོང་འབད་དེ་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་གསར་པའི་ནང་ཡང་ དབང་ཤུགས་ཅན་གྱི་ སྲིད་ཚོགས་སྦེ་ གནས་ནི་ཨིན་པས།
ད་རེས་ཀྱི་ ལྷན་གཞུང་གསར་པའི་ནང་ ཧེ་མའི་དངུལ་རྩིས་བློན་པོ་ པི་ཅའི་ཅུན་ཧ་ ཝ་རི་ཇ་དང་ ཕྱི་འབྲེལ་བློན་པོ་ མ་རིཛ་ སང་གི་ཡམ་པོང་ས་ ༢ འཐུས་མི་རང་འཇགས་སྦེ་བཞག་ནུག།
བློན་ཆེན་འོགམ་ ཕུམ་ཐམ་ ཝི་ཅ་ཡ་ཅའི་ལུ་ སྲུང་སྐྱོབ་ཀྱི་ འགན་ཁུར་དང་ ཚོང་འབྲེལ་བློན་པོའི་ཚབ་ལུ་ ཧེ་མའི་ནུས་ཤུགས་བློན་པོ་ ཕིའུ་མཐའ་ཡས་ཀྱི་གྲོས་དཔོན་ པི་ཅའི་ ན་རིབ་ཐ་ཕཱན་ བསྐོས་ཡོདཔ་ཨིན་པས།
འབྱོར་ལྡན་བཟའ་ཚང་ ཤི་ན་ཝ་ཏ་རའི་སྲིད་ཚོགས་ ཕིའུ་མཐའ་ཡས་ཀྱི་ ཁ་ཐུག་ལས་ ལྷན་རྒྱས་གཞུང་ཚོགས་ནང་ བློན་པོ་དང་ བློན་པོ་འོགམ་ཚུ་གིས་གཙོས་པའི་ འཐུས་མི་ ༡༧ ཡོདཔ་ད་ གཞན་མི་ས་སྟོང་ ༡༩ པོ་དེ་ མཉམ་འབྲེལ་སྲིད་ཚོགས་ཚུ་གི་ བགོ་སྐལ་སྦེ་བཞག་ནུག།
བློན་ཆེན་པེ་ཏོང་ཏ་རཱན་དེ་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་གི་ བུམོ་ཆུང་ཤོས་དང་ མཐའ་ཡས་ལེན་ལུ་ གོ་གནས་མཐོ་ཤོས་འཆང་མི་ ཨམ་སྲུ་གཉིས་པ་ཨིནམ་ད་ ཁོང་རའི་བཟའ་ཚང་ནང་ལས་འབད་བ་ཅིན་ བློན་ཆེན་གྱི་ གོ་གནས་འཆང་མི་ ཨང་ ༤ པ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།
མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ བློན་ཆེན་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་རའི་ ལྷན་རྒྱས་གཞུང་ཚོགས་ལུ་ངོས་ལེན།
Related

རྒྱ་གར་གྱི་རྒྱལ་ས་ དིལླིའི་ས་ཁོངས་ཚུ་ནང་ ངོ་རྒོལ་འབད་མི་ཚུ་འཛིན་བཟུང་།
རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དགོངས་ཞུ་འབད་དགོཔ་སྦེ་ ངོ་རྒོལ་འབད་མི་ཚུ་ ཁ་ཕྱལ་བཏང་ཐབས་ལུ་ ཉེན་སྲུང་དམག་མི་ཚུ་གིས་ དིལླིའི་ས་ཁོངས་ཚུ་ནང་ འགྲུལ་སྐྱོད་བཀག་དམ་འབད་བའི་ཁཡ་ ཁྲིམས་སྲུང་འགག་སྡེ་གིས་ ངོ་རྒོལ་འབད་མི་ཚུ་ཡང་ བརྒྱ་ཕྲག་ལས་བཅད་དེ་ འཛིན་བཟུང་འབད་ནུག། དེ་བཟུམ་སྦེ་ ཁྲོམ་སྡེའི་ནང་འཁོད་ལུ་ ཁྲིམས་སྲུང་འགག་པ་དང་ ཞི་བའི་དམག་མི་ སྟོང་ཕྲག་ལས་བཅད་དེ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ཚོང་འབྲེལ་ལྟེ་བ་དང་ འགྲུལ་འཕྲིན་ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ཡང་ མཚམས་བཀག་འབད་ནུག། ངོ་རྒོལ་གྱི་ ས་ཁོངས་ཅིག་ཨིན་མི་ ཇཱན་ཏར་མན་ཏར་ལུ་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ངོ་རྒོལ་འགོ་མ་བཙུགས་པའི་ཧེ་མ་ལས་ ཉེན་སྲུང་དམག་མི་ཚུ་གིས་ སྒོ་བསྡམས་ཡོདཔ་ཨིན་པས། ཨིན་རུང་ ཁྲོམ་སྡེའི་ས་གནས་ ལག་བཟོའི་ཚོང་ཁང་དང་ མ་ཧཱཏ་མ་གཱན་དྷིའི་ དྲན་རྟེན་ཚུ་ནང་ ངོ་རྒོལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་ ཨམ་ནཱ་ཝི་པི་ལེ་གིས་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཐོབ་ཡོདཔ།
བི་བི་སི། སྤྱི་ལོ་ ༢༠༢༦ ལོའི་ འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆའི་ གཙོ་འཛིན་བགྲེསཔ་དང་ རྒྱལ་སྤྱི་ཁྲིམས་འདུན་གྱི་དྲང་དཔོན་ ཨམ་ནཱ་ཝི་པི་ལེ་ལུ་ གནང་ཡོདཔ་ཨིན་པས། ལྷོ་ཨཕ་རི་ཀའི་ དྲང་དཔོན་དེ་གིས་ ཞི་བདེ་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ ཡར་དྲགས་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ རྒྱལ་སྤྱི་ཁྲིམས་ལུགས་ཀྱི་ སྒྲིག་གཞི་ཡོངས་རྫོགས་ཀྱི་དོན་ལུ་ཡང་ ལམ་སྟོན་འབད་ཡོདཔ་སྦེ་ འཛམ་གླིང་ཞི་བདེའི་ གཟེངས་རྟགས་ཚོགས་ཆུང་གིས་ གསལ་བཤད་འབད་ནུག། སྐྱེས་ལོ་ ༨༥ འབད་མི་ ཨམ་པི་ལེ་གིས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རེ་ཝང་ཌ་དང་ མི་ཡེན་མར་ གཱ་ཛ་ཚུ་རྩིས་ཏེ་ འགྲོ་བ་མིའི་ཐོབ་དབང་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ ཉེས་འཛུགས་བཀལ་མི་ཚུ་ལུ་ གཞི་བཞག་སྟེ་ མཐོ་རིམ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས། མོ་གི་ཧེ་མའི་ལཱ་ཚུ་ཡང་ ལྷོ་ཨཕ་རི་ཀ་ལུ་ མི་རིགས་དཀར་ནག་ཕྱེ་མི་ལུ་ རྒྱབ་འགལ་འབད་མི་ རྩོལ་འདོད་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ རྒྱལ་ཁབ་ནང་ ཞི་བདེའི་གཟེངས་རྟགས་ཐོབ་མི་ མི་ངོམ་ ༥ པ་ཨིནམ་སྦེ་བཀོད་ནུག། ནོར་ཝེ་ཇིན་ལས་ […]

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།
བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།