ArchiveAboutContact

Category: World News

World News

ཕི་ལི་པིན་གྱི་ གྲུ་ཆུང་ཅིག་ལུ་ མེ་རྐྱེན་བྱུང་མའི་ནང་ མི་ ༥ ལུ་ ཤི་རྐྱེན་དང་ ༨༦ བྱང་སྟོར།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ ཕི་ལི་པིན་གྱི་ མཚོ་མཐའི་སྲུང་རྒྱབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཕི་ལི་པིན་གྱི་ གྲུ་ཆུང་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༨༦ དེ་ཅིག་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས། དེ་ཡང་ ཕི་ལི་པིནགྱི་རྒྱལ་ས་ མ་ནི་ལ་ལས་ འགྲུལ་པ་ ༡༡༧ དང་ ལས་བྱེདཔ་ ༡༧ འབག་སྟེ་ འགྲུལ་བསྐྱོད་འབད་མི་ གྲུ་ཆུང་ཨེམ་ཝི་ ཇུན་ཨེཛ་ཊར་དེ་ ཀོ་རཱོན་ལུ་ཡོད་མི་ བལྟ་བཤལ་ས་ཁོངས་ཀྱི་ ཉེ་འདབས་ལུ་ལྷོདཔ་ད་ མེ་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།

World News

ཡུ་ཨེཛ་གིས་ ཨི་རཱན་གྱི་ མར་ཁུ་འབག་མི་ གྲུ་གཟིངས་ ༥ ལུ་ གནོད་འཚུབ་བཀལ་ཡོདཔ།

ཨཱལ་ཇ་ཛི་ར། སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ ཨོ་མཱན་མཚོ་ཁུག་དང་ ཁ་རག་མཚོ་གླིང་གི་ ཉེ་འདབས་ལུ་ ཨི་རཱན་གྱི་ མར་ཁུ་འབག་མི་ གྲུ་གཟིངས་ ༥ ལུ་ གནོད་འཚུབ་བཀལ་ཡོདཔ་ད་ དེ་ཡང་ ཨི་རཱན་གྱིས་ ཡུ་ཨེཛ་གི་ དམག་གྲུ་ཅིག་ལུ་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་བའི་ དགྲ་ལན་ལུ་ཨིན་པས། དེ་སྦེ་ དགྲ་ལན་འཇལ་མི་དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ ཇོར་ཌེན་གྱི་ས་གནས་ ཨཱལ་ཨཱཛ་རག་ལུ་ཡོད་མི་ ཡུ་ཨེཛ་གི་ དམག་སྒར་ལུ་ མི་ཛ་ཡེལ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ ལུང་ཕྱོགས་དེ་ནང་ཡོད་མི་ ཡུ་ཨེཛ་གི་ གྲུ་གཟིངས་ ༢ དང་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ ༨ ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ནི་དེ་གིས་ཨིན་ཟེར་བཀོད་ནུག།

World News

འཛམ་གླིང་ནང་ དངུལ་ཕོགས་མཐོ་ཤོས་ཨིན་མི་ སྲིད་དོན་འགོ་ཁྲིདཔ་ལུ་ ཌོ་ལར་ས་ཡ་ ༡ ལྷགཔ་ཅིག་ཡར་སེང་།

བི་བི་སི། སིངྒ་པོར་གཞུང་གིས་ འཛམ་གླིང་ནང་ དངུལ་ཕོགས་མཐོ་ཤོས་ཨིན་མི་ སྲིད་དོན་འགོ་ཁྲིདཔ་ བློན་ཆེན་གྱིས་གཙོས་པའི་ བློན་པོ་ཚུ་དང་ འགོ་དཔོན་གཞན་ཚུ་གི་ ལོ་བསྟར་དངུལ་ཕོགས་ ཡར་སེང་འབད་ནི་ཨིན་པས། དེ་ཡང་ སིངྒ་པོར་གྱི་བློན་ཆེན་ ལོ་རེནཛ་ཝང་ལུ་ ལོ་ངོ་ ༡ གི་ དངུལ་ཕོགས་དེ་ སིངྒ་པོར་གྱི་ ཌོ་ལར་ས་ཡ་ ༡.༤ འབདཝ་ད་ ཡུ་ཨེཛ་ཌོ་ལར་ ༡.༡ ཡར་སེང་འགྱོ་ནི་ཨིནམ་ལས་ བློན་ཆེན་ཝང་གིས་ དངུལ་ཕོགས་ཡར་སེངདེ་ ཤུལ་མའི་ལོ་ངོ་ ༥ གི་རིང་ལུ་ དགེ་དོན་ཚོགས་པ་ལུ་ ཞལ་འདེབས་སྦེ་ ཕུལ་ནི་ཨིན་པའི་སྐོར་ལས་ གསལ་བཤད་གནང་ནུག།

World News

དོ་ཆས་འབག་མི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༥ ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༦ ལུ་ མ་ཡ་མི་ ཨེ་མ་ཟཱོན་གྱི་ དོ་ཆས་འབག་མི་ གནམ་གྲུ་ཅིག་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཆགས་ནི་འབད་བའི་སྐབས་ལུ་ གནམ་གྲུའི་རྒྱུག་ལམ་བརྒལ་ཏེ་ བྱིག་ཡར་སོངཔ་ལས་ མི་ ༥ ལུ་ ཤི་རྐྱེན་དང་ གཞན་མི་ ༥ ལུ་ རྨ་སྐྱོན་སྦོམ་བྱུང་ནུག། དེ་ཡང་ དོ་ཆས་འབག་མི་ གནམ་གྲུ་བཱོ་ཡིང་ ༧༦༧-༣༠༠ དེ་ ས་གནས་ཀྱི་ ཉིན་མའི་ཆུ་ཚོད་ ༢ དེ་ཅིག་ཁར་ པུ་ཡེར་ཊོ་རི་ཀོ་ སཱན་ཇ་འཱུན་ལུ་ཡོད་མི་ ལུ་ཡིཛ་མུ་ནོཛ་མ་རིན་ རྒྱལ་སྤྱི་གནམ་གྲུ་ཐང་ལས་ འཕུར་འགྲུལ་འབད་བའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་ད་ དེ་བསྒང་ ས་ཁོངས་དེ་ནང་ཡོད་མི་ སྣུམ་འཁོར་ལེ་ཤ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས། དེ་སྦེ་ ཐུག་རྐྱེན་བྱུང་པའི་ཤུལ་ལུ་ ཞི་བའི་མཁའ་འགྲུལ་ལས་སྡེའི་ བདག་སྐྱོང་གིས་ གནམ་གྲུ་དེ་ཚུ་ག་ར་ གནས་སྐབས་ཅིག་ འཕུར་འགྲུལ་འབད་ནི་ལས་ བཀག་དམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

བོ་ལི་བི་ཡའི་ དྲག་པོའི་དམག་སྒར་ནང་ འབར་རྫས་གས་ཡོདཔ་ལས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་བྱུང་ཡོདཔ།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ བོ་ལི་བི་ཡའི་ དབང་འཛིན་ཚུ་གིས་ ཁྲོམ་ཚོགས་བི་ཡ་ཅ་ལུ་ཡོད་མི་ དྲག་པོའི་དམག་སྒར་ནང་ འབར་རྫས་ལན་ཐེངས་ ༢ གས་ཡོདཔ་ལས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོད་པའི་ གསལ་བཤད་འབད་ནུག།བོ་ལི་བི་ཡའི་ དྲག་པོའི་དམག་སྡེ་གིས་ རྐྱེན་ངན་དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ མེ་འབར་རྫས་སྦྱོར་ཚུ་ཡོད་མི་ མཛོད་ཁང་ནང་ བྱུང་ཡོདཔ་ད་ ས་ཁོངས་དེ་ རྒྱལ་ས་ལཱ་པཱཛ་ལས་ ཀི་ལོ་མི་ཊར་ ༣༠ དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།

World News

ནེ་པཱལ་གྱི་ འཚོལ་ཞིབ་དང་ སྲོག་སྐྱབས་སྡེ་ཚན་གྱིས་ ས་དོང་ནང་ གསོན་པོ་གཞན་མེདཔ་སྦེ་བཤད་ཡོདཔ། 

ཀཱཋ་མཱན་ཌུ་པོཛ། སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ འཚོལ་ཞིབ་དང་ སྲོག་སྐྱབས་སྡེ་ཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་ལུ་ ཆུ་རུད་ཀྱི་ རྐྱེན་ངན་ནང་ ཨ་པར་ཊྲི་ཤུ་ལི་ ཆུར་བརྟེན་གློག་མེ་ལས་འགུལ་ ༣ པ་ ཀ་པའི་ས་དོང་ནང་ལས་ མི་གསོན་པོ་ ༢ དང་ ཕུམོ་ ༡ མ་གཏོགས་ གཞན་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས། དེ་ཡང་ ཁྲིམས་སྲུང་སྡེ་ཚན་གྱི་འཐུས་མི་ ཨམ་བར་མ་ཧཱཏ་གིས་ སྲོག་སྐྱབས་ཀྱི་ འཐུས་མི་ ༧ གྱིས་ ས་དོང་ནང་གི་ ས་གོ་མ་འདྲཝ་ཚུ་ནང་ འཚོལ་ཞིབ་འབད་ཡོདཔ་ད་ དེ་བསྒང་ ནེ་པཱལ་གྱི་ དམག་སྡེའི་ནང་ལས་ཡང་ སྡེ་ཚན་ ༡ འཚོལ་ཞིབ་ཀྱི་དོན་ལུ་ ས་དོང་དེ་ནང་ འཛུལ་ཡོདཔ་སྦེ་བཤད་ནུག།

World News

རྒྱ་གར་གྱི་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ གླ་འཁོར་གཏང་མི་ཚུ་ལུ་ མ་ར་ཐི་ ཁ་སྐད་སྦྱང་ནི་ལུ་ ལོ་ངོ་གཅིག་གི་དུས་ཚོད།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ རྒྱ་གར་གྱི་ ནུབ་ཕྱོགས་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ སྐྱེལ་འདྲེན་འགོ་དཔོན་ཚུ་གིས་ མངའ་སྡེ་དེ་ནང་ གླ་འཁོར་དང་ ཊུག་ཊུག་གཏང་མི་ཚུ་གིས་ མངའ་སྡེའི་གཞུང་ཁ་ མ་ར་ཐི་ཤེས་དགོཔ་ གལ་ཆེ་བའི་ གནད་ལུ་བརྟེན་ཏེ་ སྤྱི་ཟླ་ ༨ པའི་ཚེས་ ༢༠ ལས་ མ་ར་ཐི་ཁ་སྐད་ཀྱི་ ཆོས་རྒྱུགས་ལེན་ནི་ འགོ་བཙུགས་ནུག། དེ་བསྒང་ ཆོས་རྒྱུགས་མཐར་འཁྱོལ་མ་ཚུགས་མི་ཚུ་ལུ་ ཁ་སྐད་སྦྱང་ནི་གི་དུས་ཡུན་ ཟླཝ་རེ་བྱིན་དོ་ཡོདཔ་ད་ ད་རུང་ཡང་ ཆོས་རྒྱུགས་ནང་ མཐར་མ་འཁྱོལ་བ་ཅིན་ གླ་འཁོར་གཏང་ནི་གི་ ཆོག་ཐམ་མཚམས་འཇོག་ ཡང་ཅིན་ ཆ་མེད་གཏང་ནི་གི་ ཉེན་ཁ་ཡོདཔ་ཨིན་པས། མངའ་སྡེ་གཞུང་གིས་ གླ་འཁོར་དང་ ཊུག་ཊུག་གཏང་མི་ཚུ་གིས་ འགྲུལ་བསྐྱོད་འབད་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ ལེགས་སྒྱུར་གྱི་དོན་ལུ་དང་ འགྲུལ་བསྐྱོད་དེ་ ཉེན་སྲུང་ཅན་ བཟོ་ཐབས་ལུ་ཨིན་ཟེར་བཀོད་ནུག།

World News

ར་ཤི་ཡ་གིས་ མཁའ་དམག་རང་སྒུལ་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་ཡིག་ཚང་ལྟེ་བ་ལུ་གནོད་འཚུབ།

རོའི་ཊརཛ།སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ ར་ཤི་ཡ་གིས་ མཁའ་དམག་རང་སྒུལ་འཕྲུལ་ཆས་ ཌྲཱོན་ལག་ལེན་འཐབ་སྟེ་ ཡུ་ཀེ་རེན་གྱི་ སྲུང་སྐྱོབ་ཡིག་ཚང་ལྟེ་བ་ལུ་ གནོད་འཚུབ་བཀལ་ཡོདཔ་ད་ དེ་སྦེ་ ཡུ་ཀེ་རེན་གྱི་ མཐུན་རྐྱེན་གལ་ཅན་ཅིག་ལུ་ གནོད་འཚུབ་བཀལ་བ་ལུ་བརྟེན་ཏེ་ མཁའ་དམག་གི་ གནས་ཚད་ཡར་སེང་སོང་ནུག།ཡུ་ཀེ་རེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནོད་འཚུབ་དེ་ལུ་བརྟེན་ཏེ་ ཕྱད་མདའི་གནས་ཚད་དེ་ རྒྱ་སྦོམ་སྦེ་ར་ ཡར་སེང་སོང་ཡོདཔ་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ངན་ལེན་ཤོ་མཚུངས་སྦེ་ འཇལ་ནི་ཨིན་པའི་ ཁས་ལེན་འབད་ཡི་ཟེར་ཨིན་པས།

World News

ཡོངས་འབྲེལ་ལུ་བརྟེན་ཏེ་ ཨ་ལོ་ས་ཡ་ ༢༠ དེ་ཅིག་ལུ་ གནོདའཚེ་བྱུང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་གྲོགས་རམ་ཚོགས་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡོངས་འབྲེལ་ལག་ལེན་ལུ་བརྟེན་ཏེ་ རྒྱལ་ཁབ་ ༢༡ གི་ནང་ ལོ་ངོ་ ༡ གི་ ནང་འཁོད་ལུ་ར་ ཨ་ལོ་ས་ཡ་ ༢༠ དེ་ཅིག་ལུ་ འདོད་སྤྱོད་དང་ ལོག་སྤྱོད་ཀྱི་ གནོདའཚེ་བྱུང་ནུག་ཟེར་ཨིན་པས། དེ་ཡང་ ཨཱཕ་རི་ཀ་དང་ ཨེ་ཤི་ཡ་ ལེ་ཊིན་ཨ་མི་རི་ཀ་ ཤར་ཡུ་རོབ་ཚུ་ནང་ སྐྱེས་ལོ་ ༡༢ ལས་ ༡༧ གྱི་བར་ན་འབད་མི་ ཨ་ལོ་ ༥ ལས་ ༡ ལྷགཔ་ཅིག་གིས་ བརྟག་ཞིབ་མ་འབད་བའི་ཧེ་མར་ ལོ་ངོ་ ༡ གི་ནང་ ཡོངས་འབྲེལ་ཐོག་ལས་ འདོད་སྤྱོད་དང་ ལོག་སྤྱོད་ཀྱི་ གནོད་འཚེ་བྱུང་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།

World News

ཡུ་ཨེཛ་གིས་ ཨི་རཱན་ལུ་ རྫས་བམ་བཀོག་ཡོདཔ་ལས་ མི་གྲངས་ ༥ ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ ཨི་རཱན་གྱི་ ལྷོ་ཕྱོགས་ཚོ་ཁག་ སི་རིག་ཟེར་སར་ གཉེན་གྱི་རྟེན་འབྲེལ་ཅིག་ བརྩི་སྲུང་སྐབས་ལུ་ ཡུ་ཨེཛ་གིས་ རྫས་བམ་བཀོག་ཡོདཔ་ལས་ ཨ་ལུ་ ༡ རྩིས་ཏེ་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོད་པའི་ ཉེས་འཛུགས་བཀལ་ནུག།ཨི་རཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཨེཛ་མེ་ཨེལ་ བཱ་གའི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀུ་ཧེཛ་ཊག་ ཁྲོམ་སྡེའི་ནང་ཡང་ སྡོད་ཁྱིམ་ཅིག་ལུ་ གནོདཔ་བཀལ་ཡོདཔ་ལས་ ཨམ་སྲུ་དང་ ཨ་ལོ་ཚུ་རྩིས་ཏེ་ མི་གྲངས་ ༥༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ རྨ་སྐྱོན་ཚུ་ བྱུང་ནུག་ཟེར་ཨིན་པས།ཨི་རཱན་གྱི་ ཉེན་སྒྲོལ་ལས་སྡེ་གིས་ སྒྲིང་ཁྱིམ་ཅིག་གི་གྱང་དང་ སྒོ་སྒྲིག་ཚུ་ གཏོར་བཏང་ཡོདཔ་སྦེ་ བཤད་ཡོདཔ་མ་ཚད་ སྨན་ཁང་ཅིག་ནང་ སྨན་བཅོས་འབད་བའི་བསྒང་ཡོད་མི་ ཨ་ལོ་དག་པ་ཅིག་གི་ དཔར་ཚུ་ཡང་ གསལ་སྟོན་འབད་ནུག།

Online now: 19 Today: 2494 Total visitors: 2494