
མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་དང་ དངུལ་གྱི་རྟགས་མ་ཚུ་གནང་ཡོདཔ།
སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༧ པ་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་དང་ དངུལ་གྱི་རྟགས་མ་ཚུ་ རིམ་པ་བཞིན་དུ་གནང་ཡི།དེ་ཡང་ མི་འབད་མངའ་བདག་རིན་པོ་ཆེའི་ཞབས་ལས་ ལས་སྐྱིད་དབང་ཕྱུག་ལུ་ འབྲུག་པའི་ལམ་སྲོལ་དང་ བཟོ་བཀོད་ཚུ་ ཉམས་སྲུང་འབད་བའི་ ངོས་འཛིན་ལུ་ རྒྱལ་ཡོངས་གཟེངས་བསྟོད་ གསེར་གྱི་རྟགས་མ་གནང་ཡི།ཚེ་འདས་ལས་སྐྱིད་དབང་ཕྱུག་གིས་ ལོ་ངོ་ ༢༩ གི་རིང་ལུ་ ཞི་གཡོག་ནང་ བརྩོན་ཤུགས་ཅན་བསྐྱེད་དེ་ ཕྱག་ཞུ་བའི་སྐབས་ལུ་ འབྲུག་རང་ལུགས་ཀྱི་ བཟོ་བཀོད་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།ཁོ་གིས་ སྤ་རོ་དུང་དཀར་རྫོང་ གསར་བཞེངས་ཀྱི་ ལཱ་ཚུ་ལུ་ ལྟ་རྟོག་འབད་དེ་ རང་ལུགས་བཟོ་བཀོད་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ བདེ་ཆེན་ཕུག་ ལྷ་ཁང་དང་ དབང་འདུས་ཕོ་བྲང་རྫོང་ ཉམས་སྲུང་འབད་ནི་ལུ་ཡང་ རྒྱ་ཆེ་བའི་ ཕན་འདེབས་འབད་ཡོདཔ་ད་ གསེར་གྱི་རྟགས་མ་དེ་ ཁོ་གི་ཚབ་ལུ་ གནས་ཚང་ལྷ་མོ་དབྱངས་ཅན་གྱིས་ཞུ་ཡི།རྒྱལ་ཁབ་ནང་ སྙིང་ནད་མཁས་མཆོག་ འགོ་དང་པ་ཨིན་མི་ ཌོག་ཊར་མ་ཧེཤ་ གུ་རུང་གིས་ འབྲུག་པའི་གསོ་རིག་ལམ་ལུགས་ནང་ […]









