ArchiveAboutContact

gyalchi

World News

ཡུ་ཀེ་རེན་ སྲིད་འཛིན་གྱི་ སྣུམ་འཁོར་ལུ་ ཐུག་རྐྱེན་བྱུང་ཡོད་རུང་ སྲིད་འཛིན་མཆོག་ལུ་ གནོད་སྐྱོན་སྦོམ་མ་བྱུངམ

བི་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༡༥ གི་དྲོ་པར་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེན་ཀི་མཆོག་ དམག་རྐྱབ་སའི་ ས་གོ་ནང་ གཟིགས་སྐོར་གནང་སྟེ་ ལོག་བྱོན་པའི་ལམ་ཁར་ སྣུམ་འཁོར་གཞན་ཅིག་དང་ ཁ་ཐུག་རྐྱབ་སྟེ་ ཐུག་རྐྱེན་བྱུང་ཡོད་རུང་ སྲིད་འཛིན་མཆོག་ལུ་ གནོད་སྐྱོན་སྦོམ་ མ་བྱུངམ་ཨིན་པས།དེ་ཡང་ ཡུ་ཀེ་རེན་གྱིས་ ལོག་ལེན་མི་ ཁར་ཀིབ་མངའ་སྡེའི་ ཨི་ཟི་ཡུམ་ ཁྲོམ་སྡེའི་ནང་ དམག་མི་ཚུ་དང་ མཇལ་ཕྲད་མཛད་དེ་ ལོག་རྒྱལ་ས་ཀིབ་ལུ་ བྱོན་པའི་ལམ་ཁར་ བྱུང་ཡོདཔ་ཨིན་པས།དེ་བསྒང་ སྐྱེལ་འདྲེན་སྣུམ་འཁོར་ནང་ཡོད་མི་ ལམ་འགྲུལཔ་ཚུ་ལུ་ གནོད་སྐྱོན་མ་བྱུང་རུང་ དེད་གཡོགཔ་དེ་ སྲིད་འཛིན་མཆོག་གི་ སྨན་བཅོས་སྡེ་ཚན་གྱིས་ བརྟག་དཔྱད་འབད་བའི་ཤུལ་ལས་ ནདཔ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ནང་ བཙུགས་བཏང་ནུག།ག་དེ་སྦེ་ཨིན་རུང་ ཐུག་རྐྱེན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

མི་དབང་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་དང་མཇལ་ཕྲད།

རྡོ་རྗེ་དབང་ཕྱུག།སྤྱི་ཟླ་ ༩ པའི་ཚེས་ ༡༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་དྷི་ལི་ལུ་ ཆིབས་བསྐྱོད་གནང་ཐོག་ལས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་ཡང་ མི་དབང་མངའ་ཞབས་མཆོག་ བློན་ཆེན་མོ་དི་གིས་ ལོག་ཀ་ལི་ཡན་མཱག་ གཞུང་འབྲེལ་གཟིམ་ཅུང་ནང་སྦེ་ ཕེབས་བསུ་ཞུ་ནུག།དེ་བསྒང་ མི་དབང་ཞབས་དང་ བློན་ཆེན་མོ་དིའི་བར་ན་ རྒྱལ་ཁབ་ཕན་ཚུན་ ༢ ལུ་ཕན་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ ཧེ་མ་ལས་ མིག་དཔེར་ཡོད་པའི་ རྒྱ་འབྲུག་ ༢ ཀྱི་ མཐུན་ལམ་དང་ ཆ་རོགས་ཀྱི་ འདུ་ཤེས་འདི་ ལྷག་པར་དུ་ དམ་གཟབ་དང་ རྩ་བརྟན་བཟོ་ནིའི་དོན་ལུ་ ཡང་བསྐྱར་དུ་ ཁས་ལེན་ཡང་ མཛད་ཡོདཔ་ཨིན་པས།མི་དབང་མངའ་ཞབས་མཆོག་ དྷི་ལི་ལུ་བཞུགསཔ་ད་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དང་ ཆེ་མཐོའི་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་ ཡུ་ནའི་ཊེཊ་ ཀིང་ཌོམ་གྱི་ མི་དབང་རྒྱལམོ་ ཨི་ལི་ཟ་བེཐ་ ༢ པ་གཤགས་མིའི་ གཞུང་འབྲེལ་པུར་སྦྱང་ལུ་ གྲལ་གཏོགས་ཀྱི་དོན་ལས་ ཆིབས་སྐྱོད་གནང་ཡོད་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ཀི་ལོ་མི་ཊར་ ༦,༠༠༠ འབད་མི་ ས་གོ་ལོག་ཐོབ་ཡོདཔ།

བི་བི་སི། ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ དམག་གི་གདོང་ལེན་ ལེགས་ཤོམ་སྦེ་འབད་བ་ལུ་བརྟེན་ཏེ་ ར་ཤི་ཡ་ལས་ ས་གོ་ལེ་ཤ་ཅིག་ར་ ལོག་ལེན་ཚུགས་ཡོདཔ་ད་ དེ་ཡང་ སྲིད་འཛིན་ཟེ་ལེན་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཧེ་མ་ ར་ཤི་ཡའི་ མངའ་འོག་ལུ་བཙུགས་མི་ ཤར་ལྷོ་ ༢ ཀྱི་ནང་ལས་ ས་གོ་ཀི་ལོ་མི་ཊར་ ༦,༠༠༠ གྲུ་བཞི་འབད་མི་ ལོག་ཐོབ་ཚུགས་ཅི་ཟེར་ཨིན་པས། ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁར་ཀིབ་ཀྱི་ བྱང་ཤར་མངའ་སྡེའི་ནང་ལས་ ཁྲོམ་སྡེ་གཙོ་ཅན་ ༢ ལོག་ཤོར་ཡོདཔ་སྦེ་ ཁས་ལེན་འབད་ཡོད་མི་དེ་ཡང་ ཕྱད་མདའ་ནང་ དམག་གི་ནུས་སྟོབས་ཉམས་འགྱོ་བའི་ རྟགས་མཚན་ཨིནམ་སྦེ་ དམག་སྡེའི་མཁས་མཆོག་ཚུ་གིས་བཤད་ནུག། ཨིན་རུང་ ད་རེས་ནངས་པར་ ར་ཤི་ཡ་གིས་ ཁར་ཀིབ་མངའ་སྡེའི་ནང་ལས་ དམག་མི་ཕྱིར་བཏོན་འབད་མི་དེ་ ལོག་སྡེ་ཚན་བཟོ་ཞིན་ན་ ཡུ་ཀེ་རེན་གྱི་ ཤར་ ཁ་ཐུག་ལུ་ཡོད་པའི་ ལུ་ཧཱནཛ་དང་ ཌོ་ནེཛ་མངའ་སྡེ་ལུ་ དམིགས་གཏད་སྐྱེད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 11 Today: 335 Total visitors: 22531