པདྨ་དབང་འདུས།
སྤྱི་ཟླ་ ༡༡ པའི་ཚེས་ ༤ ལུ་ ནིའུ་ཡོག་ལུ་སྦེ་ འབྲུག་རྒྱལ་བརྒྱུད་རྒྱལ་ཁབ་དང་ ལ་ཨོ་མི་སེར་དམངས་གཙོའི་ རྒྱལ་ཁབ་ཀྱི་བར་ན་ མཉམ་འབྲེལ་གསལ་བསྒྲགས་གུ་ མཚན་རྟགས་བཀོད་ཐོག་ལས་ དོན་གཅོད་མཐུན་ལམ་ འགོ་བཙུགས་ཡོདཔ་ཨིན་པས།
དོན་གཅོད་མཐུན་ལམ་གྱི་ མཉམ་འབྲེལ་གསལ་བསྒྲགས་དེ་ལུ་ ནིའ་ཡོགའཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ བསྟན་འཛིན་རང་གྲོལ་དབང་ཕྱུག་དང་ ལ་ཨོ་མི་སེར་དམངས་གཙོའི་རྒྱལ་ཁབ་ཀྱི་ གཏན་འཇགས་སྐུ་ཚབ་ ཐོང་ཕ་ནེ་ས་བཱན་ཕེད་ཀྱིས་ མཚན་རྟགས་ཚུ་བཀོད་ནུག།
དེ་སྦེ་ དོན་གཅོད་མཐུན་ལམ་ འགོ་བཙུགས་ནི་དང་འབྲེལ་ཏེ་ གཏན་འཇགས་སྐུ་ཚབ་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་དང་ མི་སེར་ཚུ་གི་བར་ན་ ཟུང་ཕྱོགས་མཐུན་ལམ་ བཙན་ཐབས་དང་ གཏིང་ཟབ་བཟོ་ནི་ལུ་ ཁས་ལེན་བསྐྱར་གསོ་འབད་ཡོདཔ་ཨིན་པས།
ཁོང་གཉིས་ཆ་ར་གིས་ འབྲུག་དང་ ལ་ཨོ་རྒྱལ་ཁབ་ ༢ སྐོབས་ཚུད་ཀྱི་ རྒྱལ་ཁབ་ཨིན་པ་གིས་མ་ཚད་ ལམ་སྲོལ་ཚུ་ཡང་ ནང་པའི་སྲོལ་ཁྱུན་ལུ་བརྟེན་ཏེ་ ཤོ་མཚུངས་ཡོད་མི་ལུ་ ངོས་ལེན་ཐོག་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐའ་དོན་གཅིག་པའི་ གནད་དོན་ཚུ་ནང་ ཡུན་བརྟན་ཅན་གྱི་ གྲོས་གླེང་དང་ མཉམ་འབྲེལ་ཚུ་གི་ གོ་སྐབས་གསརཔ་ བཏོན་ཚུགས་པའི་ ཡིད་ཆེས་ཡོད་ལུགས་ཚུ་བཤད་ནུག།
དོན་གཅོད་མཐུན་ལམ་དེ་གིས་ རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ རྒྱལ་སྤྱིའི་མཉམ་འབྲེལ་ནང་ གྲལ་གཏོགས་འབད་ནི་གི་ དང་འདོད་ཡོད་པའི་ བརྡ་མཚོན་སྟོན་པའི་ཁར་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་གུས་བཀུར་དང་ ལེགས་སྨོན་ མཛའ་མཐུན་ཚུ་ལུ་ གཞི་བརྟེན་ཏེ་ ཡུན་གནས་ཅན་གྱི་ མཉམ་འབྲེལ་གོང་འཕེལ་གཏང་ནི་གི་ རེ་འདུན་སྒྲུབ་ནི་ལུ་ གོམ་པ་མདུན་སྤོའི་ གྲུབ་འབྲས་ཅིག་ཡང་ཨིན་པས།
འབྲུག་དང་ ལ་ཨོ་རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་མི་རྩིས་ཏེ་ ད་རེས་ འབྲུག་དང་གཅིག་ཁར་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་ དོན་གཅོད་མཐུན་ལམ་ཡོད་མི་ རྒྱལ་ཁབ་ ༩༤ ཡོདཔ་ཨིན་པའི་གནས་ཚུལ།





Leave a Reply