བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལུ་ ཡུ་ཀེ་རེན་གྱི་ དབུས་ཕྱོགས་ཁྲོམ་སྡེ་ ཌི་ནི་པོ་རོ་ལུ་ ར་ཤི་ཡ་གིས་ ཇེཊ་པ་ཝར་ཟེར་མི་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གི་ཐོག་ལས་ མི་མང་འཛོམས་སའི་ ས་ཁོངས་ཅིག་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ སྐྱེས་ལོ་ ༡༡ འབད་མི་ ཨ་ལོ་ཅིག་རྩིས་ཏེ་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ནུག།
ཡུ་ཀེ་རེན་གཞུང་གི་ རེ་ལི་ལག་ལེན་པ་ ཨུ་ཀ་ར་ཟ་ལི་ཟི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་ཁྲོམ་སྡེ་ ཟ་པོ་རི་ཟི་ཡ་ལུ་ འགྲུལ་པ་སྐྱེལ་འདྲེན་འབད་མི་ རེ་ལི་ཅིག་ ཌི་ནི་པོ་རོའི་ ས་གོ་གཅིག་ནང་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།
ར་ཤི་ཡའི་ དམག་མི་ཚུ་གིས་ ཤེས་བཞིན་དུ་ ཡུ་ཀེ་རེན་གྱི་ རེ་ལི་མཐུད་འབྲེལ་གྱི་ ས་གོ་སྦོམ་ཅིག་ནང་ མི་སེར་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོད་རུང་ ར་ཤི་ཡའི་ ཁ་ཐུགས་ལས་ ཁས་ལེན་འབད་མ་བཏུབ་སྦེ་བཀོད་ནུག།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ཟེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ དུས་རྒྱུན་འགྲུལ་སྐྱོད་འབད་མི་ རེ་ལི་དང་ འགྲུལ་པ་ཚུ་སྡོད་སའི་ ས་གོ་ཅིག་ནང་ མཁའ་དམག་འཕྲུལ་ཆས་ ཌྲཱོན་ལག་ལེན་འཐབ་ཐོག་ལས་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།
གནོད་འཚུབ་དེ་ཡང་ ར་ཤི་ཡ་གིས་ སྤྱི་ལོ་ ༢༠༢༢ ལས་ དབང་བཟུང་འབད་དེ་ཡོད་མི་ ཁྲོམ་སྡེ་ཨོ་ལེཤ་ཀི་ལུ་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ བརྩོན་ཤུགས་བསྐྱེད་པའི་ དུས་དང་བསྟུན་ཏེ་ བཀལ་ཡོདཔ་སྦེ་བཀོད་ནུག།
ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ ཡུ་ཀེ་རེན་གྱི་ རེ་ལི་ལམ་བདའ་སྟེ་ དམག་མི་དང་ གཞི་རྟེན་མཐུན་རྐྱེན་ དེ་ལས་ མཁོ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ལུ་ དམིགས་གཏད་སྐྱེད་དེ་ གནོད་འཚུབ་བཀལ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Leave a Reply