རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་ ༤ ནང་ཡོད་མི་ ནུས་ཤུགས་མཐུན་རྐྱེན་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལཝ་ད་ རྒན་རྒས་ ༢ ཀྱིས་གཙོས་པའི་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཀེ་རེན་ལུ་ ར་ཤི་ཡ་དང་གཅིག་ཁར་ ཞི་བདེའི་ཐ་སྙད་ལུ་ ཁས་ལེན་འབད་དགོ་པའི་ སྐུལ་མ་འབད་བའི་ཤུལ་ལས་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཡོདཔ་སྦེ་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།
དེ་བསྒང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ནི་དང་ ཨེ་ལཱོན་མཱགཛ་གི་ སི་ཊར་ཤི་ཡེལཌ་ རིམ་ལུགས་ཚུ་ ཚད་འཛིན་གྱི་དོན་ལས་ སྔ་གོང་ཉེན་བརྡ་ཚུ་ ལག་ལེན་འཐབ་ཡོད་པའི་ སྙན་ཞུ་འབད་ནུག།
ཡུ་ཀེ་རེན་གྱི་ རྒྱལ་ས་ཀི་ཡིབ་ལུ་ མཁའ་དམག་འཕྲུལ་ཆས་ ཌྲཱོན་གྱི་ཐོག་ལས་ ཁང་ཚན་ཅན་གྱི་ སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ སྐྱེས་ལོ་ ༨༣ འབད་མི་ ཕོ་སྐྱེས་དང་ སྐྱེས་ལོ་ ༨༡ འབད་མི་ ཨམ་སྲུ་དེ་ བྱང་ཤར་ཁ་ཐུག་གི་ ཁར་ཀིབ་ཁྲོམ་གྱི་ཕྱི་ཁར་ དམར་བསད་འབད་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ ཀི་ཡིབ་དང་ ཝོ་ལིན་ ཨོ་ཌེ་ས་ དེ་ལས་ མའི་ཀོ་ལ་ཡིབ་ ལུང་ཕྱོགས་ཁག་གི་ གློག་མེ་མཐུན་རྐྱེན་ཚུ་དང་ ཞི་བའི་ལས་སྡེ་ ༢ ལུ་ཡང་ གནོདཔ་བཀལ་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་བློན་ཆེན་ སེར་གི་ཀོ་རེཛ་ཀི་གིས་ གསལ་བཤད་འབད་ནུག།
ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ དབུས་ཕྱོགས་ཁྲོམ་སྡེ་ པཱོལ་ཊ་ཝ་ལུ་ མཁའ་དམག་འཕྲུལ་ཆས་ ཌྲཱོན་ཚུ་བཞག་སའི་ མཛོད་ཁང་ཅིག་དང་ གློག་མེ་བཀྲམ་སྤེལ་ཡན་ལག་ཅིག་ལུ་ཡང་ གནོདཔ་བཀལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Leave a Reply