པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས།
དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག།
བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༢ ལུ་ ལྷན་ཁག་ལུ་ཐོབ་ཡོདཔ་ལས་ དེ་གི་གྲུབ་འབྲས་དང་འཁྲིལ་ཏེ་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་པའི་ གསལ་བཤད་གནང་ཡི།
ད་རེས་ཀྱི་ ཞིབ་འཇུག་དེ་ གལ་ཆེ་བའི་ གོང་འཕེལ་ཅིག་ཨིནམ་ད་ དེ་ཡང་ འགྲུལ་འཕྲིན་གྱི་ སྤྱོད་གླ་ཚུ་ བརྟག་དཔྱད་ཐོག་ལས་ སྤུས་ཚད་དང་ ཡུན་བརྟན་ ཉེན་སྲུང་ཚུ་དང་སྦྲགས་ཏེ་ སྤྱོད་གླ་མར་ཕབ་འབད་ཐབས་ལུ་ སྒྲིག་གཞིའི་སྒོ་ལས་ བར་འཛུལ་འབད་ནི་གི་ གཞི་ཅིག་ཨིན་ཟེར་ གསུངསམ་ཨིན་པས།
འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་ ཞིབ་འཇུག་དང་འཁྲིལ་བ་ཅིན་ འབྲུག་འགྲུལ་འཕྲིན་གྱི་ཐེད་ཁར་ འགྲུལ་འཕྲིན་སྤྱོད་གླའི་བརྒྱུད་སྤེལ་དེ་ སྤྱི་ལོ་ ༢༠༡༨ ལུ་ ཊེ་ར་བ་ཡིཊ་ ༡༣,༥༠༠ དེ་ཅིག་འབད་ས་ལས་ སྤྱི་ལོ་ ༢༠༢༥ ལུ་ ཊེ་ར་བ་ཡིཊ་ ༡༡༩,༠༠༠ དཔག་མ་ལངམ་ཅིག་ལུ་ འཛེགས་ཡོདཔ་ད་ བཀྲིས་འགྲུལ་འཕྲིན་གྱི་ཐེད་ཁར་འབད་བ་ཅིན་ ཊེ་ར་བ་ཡིཊ་ ༥,༧༠༠ དེ་ཅིག་ལས་ ཊེ་ར་བ་ཡིཊ་ ༤༣,༥༠༠ ལྷགཔ་ཅིག་ལུ་ འཛེགས་ཡོད་པའི་གནས་ཚུལ།




Leave a Reply