ArchiveAboutContact
Special News

སྤྱི་ལོ་ ༢༠༢༤ ལོའི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་ ༢ པ་ མཇུག་སྡུད་རྟེན་འབྲེལ།

· 1 min read

སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་རྒྱ་མཚོགླིང་ལུ་ སྤྱི་ལོ་ ༢༠༢༤ ལོའི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་ ༢ པ་ མཇུག་སྡུད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་ནུག།

དེ་བསྒང་ མི་དབང་མཆོག་གིས་ རྒྱ་མཚོ་གླིང་དང་ མཁོ་ཐང་ཁ་ པདྨ་ཐང་ རྒྱལ་པོའི་ཞིང་ཚུ་གི་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ ལུ་ རྒྱ་མཚོ་གླིང་ལས་སྦེ་ གསུང་བཤད་ཅིག་གནང་པའི་ནང་གསལ་ འབྲུག་གི་ཡུན་གནས་ཞི་བདེ་དང་ ལོངས་སྤྱོད་ ཉེན་སྲུང་ཚུ་གི་ རེ་འདོད་དེ་ ཐག་རིང་གི་ གཉིད་ལམ་ཙམ་ཅིག་མིན་པར་ ད་རེས་ ང་བཅས་རའི་ གདོང་ཁར་ར་ འགྲུབ་ངང་ཡོད་ཟེར་ཨིན་པས།

དེ་མ་ཚད་ ང་བཅས་རའི་ དཔལ་འབྱོར་བཙན་ཐབས་ལུ་ གཙོ་རིམ་དྲག་ཤོས་བཀོད་ནི་དང་ དཔལ་འབྱོར་ཡར་འཕེལ་དེ་ཡང་ ངོ་རྟགས་ཅན་གྱི་ དཔལ་འབྱོར་དང་ བློ་གཏད་ཀྱི་དཔལ་འབྱོར་ དེ་ལས་ རྩ་བརྟན་གྱི་ དཔལ་འབྱོར་ཟེར་ ཀ་ཆེན་གསུམ་ལུ་ གཞི་བརྟེན་ཏེ་ གོང་འཕེལ་གཏང་ནི་ཨིན་ཟེར་ གསུངས་གནང་ནུག།

སྔོན་གོང་གི་ མི་རབས་ཚུ་གིས་ གཞི་བཙུགས་འབད་མི་ འབྲུག་གི་མིང་གཏམ་འདི་ ང་བཅས་རའི་ བདོག་གཏད་དྲག་ཤོས་ཅིག་ཨིནམ་ལས་ ད་ལས་ཕར་ ང་བཅས་ཀྱིས་ ཤུགས་སྟོན་དགོ་ཟེར་ཨིན་པས།

བློ་གཏད་ཀྱི་ དཔལ་འབྱོར་ཟེར་མི་དེ་ དྲང་བདེན་དང་ ལྷག་བསམ་ དེ་ལས་ ཡུན་བརྟན་གྱི་ མཉམ་འབྲེལ་ལུ་ གཞི་བརྟེན་འབད་དེ་ འབྲུག་པའི་མི་སེར་ཚུ་གིས་ གཅིག་གིས་གཅིག་ལུ་ བློ་གཏད་ཚུགསཔ་ ངེས་གཏན་བཟོ་དགོ་པའི་གུ་ སྤྱིར་འཛམ་གླིང་གིས་ཡང་ བློ་གཏད་ཚུགསཔ་ བཟོ་དགོ་པའི་སྐོར་ལས་ གསུངས་གནང་ནུག།

རྒྱལ་ཡོངས་ཀྱི་ མཐའ་དོན་ཚུ་ ཉེན་སྲུང་གི་དོན་ལས་ རིག་རྩལ་དང་ ཕུགས་མཐོང་ རང་དབང་གི་ ཐོབ་ཐངས་ཚུ་ ལག་ལེན་འཐབ་ནི་གིས་གཙོས་པའི་ སྲ་བརྟན་གྱི་ དཔལ་འབྱོར་ལུ་ དངུལ་འབྲེལ་དང་ སྲིད་འབྲེལ་ དེ་ལས་ ཐབས་བྱུས་ཀྱི་ ཁེ་ཕན་ཚུ་ དགོས་མཁོ་ཆེ་བའི་སྐོར་ལས་ཡང་ གསུངས་གནང་ཡོདཔ་ཨིནཔ།

མི་དབང་མཆོག་གིས་ འབྲུག་གི་ལྕོགས་གྲུབ་ལུ་ འགྱུར་བ་མེད་པའི་ ཐུགས་ཀྱི་ཡིད་ཆེས་ཡོད་ལུགས་དང་ ཁྱད་དུ་འཕགས་པའི་ གྲུབ་འབྲས་ཀྱི་དོན་ལུ་ ཁྱད་དུ་འཕགས་པའི་ བརྩོན་ཤུགས་དགོཔ་ལས་ ན་གཞོན་ཚུ་གིས་ གདོང་ཁར་འཐོན་དགོ་པའི་ ནན་སྐུལ་ཡང་ མཛད་གནང་ནུག།

དེ་བཟུམ་སྦེ་ རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་ མཁོ་ཐང་ཁ་ལུ་ མི་དབང་རྒྱལ་སྲས་ ཨྱོན་འཇིགས་མེད་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ རྒྱལ་པོའི་ཞིང་ལུ་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་དང་ པདྨ་ཐང་ལུ་ ཁྲིམས་སྤྱི་བློན་པོ་ ཆོས་རྒྱལ་དར་མགོ་རིག་འཛིན་གྱིས་ དབུ་བཞུགས་མཛད་ཡོདཔ་ཨིན་པས།

གལ་གནད་ཆེ་བའི་ དུས་སྟོན་དེ་ཚུའི་ནང་ གཞུང་གྲྭ་ཚང་གི་ སློབ་དཔོན་ཚུ་དང་ ལྷག་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་མ་ཚད་ དྲག་པོའི་དམག་སྡེའི་ ཆེ་མཐོའི་འགོ་དཔོན་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ ཕྱི་རྒྱལ་གྱི་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ གྲལ་གཏོགས་མཛད་སར་ རྒྱལ་སྲུངཔ་ཚུ་གི་ བཟའ་ཚང་ཚུ་ཡང་ མགྱོནམ་སྦེ་འབོ་གནང་ནུག།

རྒྱལ་སྲུང་ཟེར་མི་དེ་ གཞི་རྩའི་འགན་ཁུར་ཅིག་ཨིནམ་ད་ དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༨.༡ ན་དང་འཁྲིལ་ཏེ་ འབྲུག་མི་རེ་རེ་ལུ་འཁྲི་བའི་ འགན་ཁུར་ཨིན་པས།

དེ་སྦེ་ རྒྱལ་སྲུང་ལས་རིམ་ འགོ་བཙུགས་གནང་ནི་ཨིན་པའི་སྐོར་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༢ པ་ བརྩི་སྲུང་སྐབས་ལུ་ གསལ་བསྒྲགས་གནང་ཡོདཔ་ད་ ལས་རིམ་དེ་ཡང་ རྒྱལ་ཁམས་ཀྱི་ ཉེན་སྲུང་དང་ ཞི་བདེ་ གཅིག་སྒྲིལ་ མཐུན་འབྲེལ་ རང་དབང་བཅས་ཀྱི་ བཙན་ཐབས་ཡར་དྲག་གི་དོན་ལས་ འབྲུག་པའི་ན་གཞོན་ཚུ་ རྒྱལ་ཁམས་གོང་འཕེལ་ནང་ གྲལ་གཏོགས་ཀྱི་ ནུས་རྩལ་ཡོདཔ་ བཟོ་ནི་ལུ་ དགོངས་བཞེད་གནང་སྟེ་ འགོ་བཙུགས་གནང་ནུག།

འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་ཟེར་མི་དེ་ དཀའ་ངལ་དང་ ཉེན་སྲུང་ལུ་ ཉེན་ཁ་དང་འབྲེལ་ཏེ་མིན་པར་ ཡུན་རིང་གི་དོན་ལུ་ རྒྱལ་ཡོངས་གཞི་སྒྱུར་གྱི་ ཆ་ཤས་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱའི་ཐོག་ལུ་ གཞི་བཙུགས་འབད་མི་ གཞན་དང་མ་འདྲ་བའི་ ལས་རིམ་ཅིག་ཨིན་པས།

གསར་བཏོད་ལས་རིམ་དེ་ འབྲུག་པའི་ན་གཞོན་ཚུ་ལུ་ འགྱུར་ལྡོག་ཅན་གྱི་ འཛམ་གླིང་ནང་ མཐར་འཁྱོལ་གྱི་དོན་ལས་ དགོས་མཁོ་ཅན་གྱི་ ལྕོགས་གྲུབ་ཡོདཔ་ བཟོ་ཐབས་ལུ་ བཀོད་སྒྲིག་མཛད་གནང་ནུག།

ད་རེས་ མཇུག་བསྡུ་མི་ སྤྱི་ལོ་ ༢༠༢༤ ལོའི་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༢ པའི་ནང་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ ན་གཞོན་བུཚ་དང་ བུམོ་ ༡,༦༩༠ ཡོདཔ་ད་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ལས་ འགོ་བཙུགས་མི་ སྦྱོང་བརྡར་ལས་རིམ་དེ་ནང་ ཟླ་ངོ་ ༣ གྱི་རིང་ལུ་ གཞི་རྩའི་དམག་སྦྱོང་དང་ ལུས་རྩལ་སྦྱོང་བརྡར་ ལག་ཆ་ལག་ལེན་ལ་སོགས་པ་བཟུམ་མའི་ གཅིག་སྒྲིལ་ཅན་གྱི་ སྦྱོང་བརྡར་ཚུ་འབད་བའི་ཁར་ རྒྱལ་ཡོངས་ཤེས་ཡོན་དང་ འབྲུག་གི་རྒྱལ་རབས་ ནང་འཁོད་ཉེན་སྲུང་ ཆོས་བཤད་ལས་རིམ་ འགོ་ཁྲིད་རིག་རྩལ་ཚུ་གི་ སྦྱོང་བརྡར་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།.

རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༢ པའི་ནང་ རྒྱལ་སྲུངཔ་བསྡོམས་ ༡,༦༩༠ ལས་ པདྨ་ཐང་ལུ་ ༤༧༥ དང་ རྒྱལ་པོའི་ཞིང་ལུ་ ༢༤༥ མཁོ་ཐང་ཁ་ལུ་ ༤༨༥ རྒྱ་མཚོ་གླིང་ལུ་ ༤༨༥ ཡོདཔ་ད་ ད་རེས་ རྒྱལ་སྲུང་ཤོ་ཐེངས་ ༢ པ་ མཇུག་བསྡུ་མི་ཚུ་བརྩིས་ཏེ་ བདེ་སྲུངཔ་བསྡོམས་ ༣,༦༩༡ གིས་ སྦྱོང་བརྡར་འབད་ནུག།

སྤྱི་ལོ་ ༢༠༢༥ ལོའི་ ཤོ་ཐེངས་དང་པ་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༤ པའི་ཚེས་ ༡ ལས་ འགོ་བཙུགས་ནི་ཨིན་པས།

ད་ལས་ཕར་ རྒྱལ་སྲུངཔ་ཚུ་གིས་ རྒྱལ་སྲུང་ཡིག་ཚང་ལྟེ་བ་ལས་ ནམ་ར་འབོ་རུང་ རྒྱལ་ཡོངས་ཞབས་ཏོག་ ཕུལ་ཆོག་ཆོག་ཡོདཔ་ད་ ཁོང་ལུ་ རྒྱལ་སྲུངཔ་ཟེར་བའི་ ཁས་བླངས་ལས་རིམ་ལ་སོགས་པའི་ གོ་སྐབས་ཚུ་ཡང་ཡོདཔ་ཨིན་པས།

དེ་བཟུམ་མའི་ ལས་རིམ་ལུ་བརྟེན་ཏེ་ བདེ་སྲུངཔ་ཚུ་གིས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ བཟོ་བསྐྲུན་གྱིས་གཙོས་པའི་ རྒྱལ་ཡོངས་ལས་འགུལ་ཚུ་བརྒྱུད་དེ་ ཁྱད་ལཱ་དང་ འཕྲུལ་རིག་ཚུ་ནང་ དམིགས་བསལ་གྱི་ གཡོག་ཐོག་སྦྱོང་བརྡར་གྱི་ གོ་སྐབས་ཚུ་ཡང་ གནངམ་ཨིན་པའི་གནས་ཚུལ།

Comments are closed.

Related

Special News

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།

མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

gyalchi
Special News

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།    ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]

Online now: 2 Today: 4426 Total visitors: 7103