ཚེ་རིང་ལྷ་མོ།
སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༡༢ པའི་ནང་ སོ་ནམ་དང་ སྒོ་ནོར་བློན་པོ་གིས་ སོ་ནམ་གྱི་ལཱ་ནང་ ན་གཞོན་ཚུ་གིས་ གྲལ་གཏོགས་ཡར་སེང་གི་དོན་ལུ་ གཞི་སྒྱུར་གྱི་ ཐབས་ལམ་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡི།
དེ་ཡང་ སོ་ནམ་གྱི་ལཱ་ཚུ་ དེང་དུས་ཀྱི་ ལམ་ལུགས་ཚུ་དང་ ཚུལ་མཐུན་བཟོ་ནི་དང་ དོ་འགྲན་ཚུ་བསལ་ནི་ དེ་ལས་ གོ་སྐབས་གསརཔ་ཚུ་བཏོན་ཏེ་ སོ་ནམ་གྱི་ལཱ་དེ་ ཡུན་བརྟན་ཅན་ བཟོ་ནི་ཨིན་པའི་ཁར་ ན་གཞོན་ཚུ་གི་དོན་ལུ་ སེམས་ཁར་འཐད་པའི་ ཚེ་གཡོག་སྦེ་ཡང་ གསར་བཏོད་འབད་ནི་གི་ ཐབས་བྱུས་ཚུ་ཨིན་པས།
ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་ཞན་མི་དེ་ སོ་ནམ་གྱི་ ལཱ་འབད་བ་ལུ་ སྦུང་སྒུལ་གྱི་ དགོས་མཁོ་དང་ ལོ་ཐོག་ལུ་ རི་དྭགས་སེམས་ཅན་གྱི་གནོད་པ་ དེ་ལས་ ཞིང་ཆུ་མ་ལང་པའི་ དཀའ་ངལ་དང་ ཚོང་ལམ་གྱི་ གོ་སྐབས་དཀོན་དྲགས་འབད་བའི་ཁར་ དངུལ་འབྲེལ་གྱི་ དཀའ་ངལ་ཚུ་ལུ་བརྟེན་ཏེ་ཨིན་པས།
བློན་པོ་གིས་ དེ་བཟུམ་མའི་ གནས་སྟངས་ནང་ དོ་འགྲན་ཚུ་ བསལ་ཐབས་ཀྱི་སྒོ་ལས་ སོ་ནམ་གྱི་ལཱ་དེ་ འོས་འབབ་དང་ལྡན་པའི་ དེང་དུས་ཀྱི་ ཚེ་གཡོག་ལུ་ བསྒྱུར་དགོཔ་དེ་ གལ་ཆེ་ཟེར་ཨིནམ་ད་ སྦུང་སྒུལ་གྱི་ དཀའ་ངལ་བསལ་ཐབས་ལུ་ཡང་ ལྷན་ཁག་གི་ཁ་ཐུག་ལས་ ལོ་ཐོག་བསྡུ་ནི་གི་ མཉམ་འབྲེལ་འཕྲུལ་ཆས་ཚུ་བཟུམ་མའི་ སོ་ནམ་འཕྲུལ་ཆས་ཚུ་གི་ ལག་ལེན་གོང་འཕེལ་ གཏང་པའི་བསྒང་ཡོད་ཟེར་ཨིན་པས།
དེང་དུས་ཀྱི་ ལཱ་ཆ་ཚུ་ ལག་ལེན་འཐབ་ནི་ཡོདཔ་ བཟོ་མི་དེ་གིས་ ཐོན་སྐྱེད་ཡར་སེང་གིས་མ་དོ་བར་ དམིགས་བསལ་གྱིས་ ན་གཞོན་ཚུ་གི་དོན་ལས་ སོ་ནམ་ཞིང་ལཱའི་ སྡུག་སྦྱོང་མར་ཕབ་ཡང་ འབད་ཚུགས་ནི་ཨིནམ་སྦེ་གསུངས་ཡི།
དེ་ལས་ ལོ་ཐོག་དང་ དངུལ་འབྲེལ་གྱི་ གྱོང་རྒུད་བཀལ་མི་ རི་དྭགས་སེམས་ཅན་གྱི་ཐེད་ཁར་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ གློག་མེའི་ར་བ་དང་ མི་སྡེ་ལུ་ གཞི་བརྟེན་ཐོག་ལས་ རི་དྭགས་སེམས་ཅན་ འཛིན་སྐྱོང་གི་ ལས་རིམ་ཚུ་ ཡར་དྲགས་བཟོ་དོ་ཡོདཔ་ད་ བར་འཛུལ་དེ་ཚུའི་སྒོ་ལས་ སོ་ནམ་ཞིང་པའི་ འཚོ་རྟེན་ཉེན་སྲུང་དང་ ན་གཞོན་མང་སུ་གིས་ སོ་ནམ་ཞིང་ལཱ་འབད་ནི་ལུ་ སྤྲོ་བ་ཡར་དྲགས་གཏང་ནི་གི་ དམིགས་གཏད་ཨིན་པས།
ཞི་ཆུ་མ་ལང་པའི་ དཀའ་ངལ་དེ་ ཧེ་མ་ལས་ཡོད་པའི་ དཀའ་ངལ་ཅིག་ཨིནམ་ད་ ལྷན་ཁག་གིས་ ད་རེས་ཡོད་མི་ གཞི་རྟེན་མཁོ་ཆས་ཚུ་ ལེགས་སྒྱུར་འབད་དེ་ ཞིང་ཆུའི་ལྕོགས་གྲུབ་ཡོད་མི་ ཞིང་ལཱའི་ལམ་ལུགས་ཚུ་ གོང་འཕེལ་གཏང་ནི་གི་ཐེད་ཁར་ ལྷན་ཁག་གི་ཁ་ཐུག་ལས་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ཡོད་མི་ ལུང་ཕྱོགས་ཚུ་ནང་ ཡུན་བརྟན་ཅན་གྱི་ ཞིང་ཆུའི་རིམ་ལུགས་དང་ ཐོན་སྐྱེད་ཡར་སེང་གི་དོན་ལུ་ མ་རྩ་གཞི་བཙུགས་འབདཝ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་ཐོན་སྐྱེད་ཀྱི་དོན་ལུ་ ཚོང་ལམ་གྱི་ གོ་སྐབས་དེ་ དམིགས་བསལ་གྱིས་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ ག་ནི་བ་ཡང་ ཐོགས་ཆག་ཅན་སྦེ་ར་ གནས་ནི་དེ་གིས་ སོ་ནམ་ཞིང་ལཱ་འབད་མི་ཚུ་ལུ་ ཐོན་སྐྱེད་བཙོང་ནི་གི་ གོ་སྐབས་མེདཔ་ལས་ ཐོན་ཤུགས་ཡར་སེང་ལུ་ སེམས་ཤུགས་བསྐྱེད་ནི་གི་ འོས་འབབ་མེད་པར་ ལུས་ཡོདཔ་ཨིན་པས།
ཚོང་ལམ་གྱི་ གོ་སྐབས་མེད་པའི་ དོ་འགྲན་བསལ་ཐབས་ལུ་ ལྷན་ཁག་གིས་ འབྲུག་གི་ཐོན་སྐྱེད་ཚུ་ རྒྱལ་སྤྱིའི་ཚོང་ལམ་ནང་ ངོ་སྤྲོད་འབད་ནི་ཨིན་པའི་ཁར་ སོ་ནམ་ཞིང་ལཱ་འབད་མི་ ན་གཞོན་ཚུ་གི་དོན་ལུ་ ཕྱིར་ཚོང་གི་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་ནི་སྦེ་ཡོད་མི་ཚུ་ སོ་ནམ་ཞིང་ལཱ་དེ་ ཁེ་འབབ་ཅན་ བཟོ་ནི་དང་ རྒྱལ་སྤྱིའི་གནས་རིམ་ནང་ ན་གཞོན་ཚུ་གིས་ གྲལ་གཏོགས་འབད་ཚུགས་པའི་ རིག་རྩལ་ཚུ་ཡོདཔ་སྦེ་ བཟོ་ནི་ལུ་ བཟོ་སྒྲིག་འབདཝ་ཨིན་པས།.
ན་གཞོན་ཚུ་གིས་ སོ་ནམ་ཞིང་ལཱ་འབད་ནི་ལུ་ དངུལ་འབྲེལ་གྱི་ དཀའ་ངལ་དེ་ གཙོ་བོ་ཅིག་སྦེ་ གནས་ཡོདཔ་ལས་ ལྷན་ཁག་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་བརྒྱུད་དེ་ དངུལ་འབྲེལ་གཙུག་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ ཟད་འགྲོ་མཉམ་རུབ་ཀྱི་སྒོ་ལས་ ན་གཞོན་ཚུ་ལུ་ འོས་འབབ་ཡོད་པའི་ སོ་ནམ་མ་དངུལ་ལས་འཆར་ཚུ་ གསལ་བསྒྲགས་འབད་ནུག།
བརྩོན་ཤུགས་དེ་ཚུའི་སྒོ་ལས་ ཞི་ལཱ་འབད་ནི་གི་ བློ་འདོད་ཡོད་མི་ཚུ་ལུ་ དེང་དུས་ཀྱི་ ལཱ་ཆ་དང་ སོན་ཚུ་བཟུམ་མའི་ དགོས་མཁོ་ཡོད་མི་ ཐོན་ཁུངས་ཚུ་ནང་ གལ་ཆེ་བའི་ མ་རྩ་ཚུ་ བྱིན་ནི་གི་ དམིགས་དོན་ཡོདཔ་ཨིན་པས།
དེ་མ་ཚད་ སོ་ནམ་ཞིང་ལཱ་འབད་མི་ ན་གཞོན་ཚུ་གི་ ལྕོགས་གྲུབ་ཡར་སེང་ལུ་དམིགས་ཏེ་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ གཅིག་སྒྲིལ་ཞིང་ལཱ་ལས་འགུལ་ཚུ་ཡང་ འགོ་བཙུགས་ཏེ་ཡོདཔ་ད་ གཞུང་གི་རྒྱབ་སྐྱོར་དང་ ལམ་སྟོན་ཐོག་ལས་ ལས་འགུལ་དེ་ཚུའི་ ལག་ལེན་གྱི་ འགན་ཁུར་ཧྲིལ་བུར་ ན་གཞོན་སྡེ་ཚན་ཚུ་གིས་ འབག་དགོ་ནི་ཨིན་པས།
བློན་པོ་གིས་ གསར་བཏོད་ལས་རིམ་དེ་ཚུ་གིས་ ཞིང་ལཱ་འབད་མི་ ན་གཞོན་ཚུ་གི་དོན་ལུ་ རང་དབང་ངེས་གཏན་ བཟོ་བའི་གུ་ལུ་ མཐར་འཁྱོལ་ཅན་གྱི་ ཐོན་ཁུངས་དང་ ཤེས་ཡོན་ ངེས་གཏན་བཟོ་ནི་ཨིན་ཟེར་ གསུངསམ་ཨིན་པས།
ལྷན་ཁག་གིས་ གཞི་སྒྱུར་ནང་ ས་ཆའི་གོ་སྐབས་ལུ་ཡང་ གཙོ་བོར་བཟུང་ཡོདཔ་ད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ མཉམ་འབྲེལ་ཐོག་ལས་ རྫོང་ཁག་ ༡༡ གི་ནང་ སྤྱོད་བཏུབ་པའི་ ས་ཆ་ཨེ་ཀར་ ༥,༠༠༠ ལྷགཔ་ཅིག་ ངོས་འཛིན་གྲུབ་པའི་ཁར་ ད་རུང་ཡང་ རྫོང་ཁག་ ༨ ཀྱི་ནང་ རྒྱ་སྐྱེད་གཏང་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ གསར་བཏོད་ལས་དོན་ཚུ་ ན་གཞོན་ཚུ་གི་དོན་ལུ་ སོ་ནམ་ཞིང་ལཱའི་ ཐོགས་ཆག་ཅན་གྱི་ དོ་འགྲན་ཚུ་ བསལ་ནི་དང་ ཁོང་གི་ཞིང་ལཱ་ཚུ་ ཡར་འཕེལ་ཅན་བཟོ་ནི་ལུ་ ཁས་ལེན་ཡོད་པའི་ རྟགས་མཚན་ཨིནམ་ད་ འཕྲུལ་རིག་དང་ དངུལ་འབྲེལ་རྒྱབ་སྐྱོར་ དེ་ལས་ གཞི་རྟེན་མཁོ་ཆས་ལེགས་སྒྱུར་ཚུ་གི་སྒོ་ལས་ སོ་ནམ་ལས་སྡེ་དེ་ ག་ནི་བ་ཡང་ སྒྲིང་སྒྲིང་བཟོ་ཐབས་ལུ་ གཞི་འགྱམ་བཙུགས་པའི་བསྒང་ཡོད་ཟེར་ཨིན་པས།
བརྩོན་ཤུགས་དེ་ཚུ་ བཟའ་ཆས་ཉེན་སྲུང་དང་ གྲོང་གཡུས་གོང་འཕེལ་ དེ་ལས་ ཡུན་བརྟན་ཅན་གྱི་ ཐོན་ཁུངས་འཛིན་སྐྱོང་ཚུ་གི་ རྒྱལ་ཡོངས་དམིགས་དོན་དང་ ཚུལ་མཐུན་ཨིནམ་སྦེ་ གསུངས་ཡོད་པའི་གནས་ཚུལ།
སོ་ནམ་དང་ སྒོ་ནོར་ལྷན་ཁག་ལས་ ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་ནང་ གྲལ་གཏོགས་བསྐྱར་གསོ་གཞི་སྒྱུར།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]