ArchiveAboutContact
Special News

སེམས་ཅན་སྟག་གི་ ཡུན་བརྟན་མ་དངུལ་ཞལ་འཛོམས་ནང་ མི་དབང་རྒྱལ་བཙུན་མཆོག་གི༌གསུང༌བཤད།

· 1 min read

སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ སེམས་ཅན་སྟག་གི་ ས་ཁོངས་ཀྱི་དོན་ལས་ སྤ་རོ་ལུ་ ཡུན་བརྟན་མ་དངུལ་ཞལ་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་ ང་བཅས་ ༢ ཀྱི་ཧོངས་ལས་ སྐུ་མགྲོན་ཚུ་ལུ་ བྱོན་པ་ལེགས་སོ་ཟེར་ གསུངས་གནང་ཡོདཔ་ད་ ཞལ་འཛོམས་དེ་ནང་ སྐུ་མགྲོན་མང་ཤོས་ཅིག་ འཛམ་གླིང་ནང་གི་ ས་གནས་མ་འདྲཝ་ཚུ་ལས་ གཅན་གཟན་སྟག་གི་ མཐའ་དོན་ལུ་དང་ ཁོང་གི་དོན་ལས་ ས་ཁོངས་དང་འབྲེལ་བའི་ ཁས་ལེན་འབད་ཐབས་ལུ་ འཕུར་འགྲུལ་འབད་དེ་ འོང་ཡོདཔ་ཨི་པས།
ད་རིས་ རྒྱལ་སྤྱི་ས་གཞིའི་ ཉིནམ་ཨིནམ་ལས་ ང་བཅས་རའི་ རི་དྭགས་སེམས་ཅན་ཚུ་ལུ་ བརྩི་མཐོང་དང་ རང་བཞིན་གནས་སྟངས་ དེ་ལས་ དུས་རྟག་པར་རྒྱུན་དུ་ འཛམ་གླིང་གི་ ས་གཞི་ཉམས་སྲུང་ལུ་ ཁས་ལེན་ཚུ་གི་སྐོར་ལས་ དོན་དང་ལྡན་པའི་ བསམ་ཞིབ་འབད་ནི་གི་ དུས་སྐབས་གཞན་ ཐུགས་ཁར་འཆར་མི་ཚུགས་པས་ཟེར་གསུངས་ནུག།
ད་རིས་ ང་བཅས་ཆ་ཁྱབ་ ནཱ་ལུ་འཛོམས་མི་འདི་ཡང་ གཟི་བརྗིད་དང་ ཤེས་རབ་ སྟོབས་ཤུགས་ཚུ་གི་སྒོ་ལས་ གཅན་གཟན་སྟག་ལུ་ གྲོགས་རམ་ཚུ་གི་ དགོས་མཁོ་ཡོད་ནི་དེ་གིས་ཨིནམ་ད་ ང་བཅས་ འབྲུགཔ་ཚུ་གི་དོན་ལས་ གཅན་གཟན་སྟག་དེ་ ཆོས་དང་འབྲེལ་བའི་ ཆོས་སྐྱོང་སྲུང་མའི་གྲངས་སུ་ཡང་ཡོདཔ་ཨིན།
དེ་ཡང་ རྒྱལ་ཁབ་གཞན་ ལེ་ཤ་ཅིག་ནང་བཟུམ་སྦེ་ འབྲུག་གི་གཏམ་རྒྱུད་དང་ སྲུང་ཚུ་ནང་ གུས་བཀུར་ཡོད་པའི་ སེམས་ཅན་ཅིག་ཨིནམ་ལས་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་ གནས་ཁྱད་པར་ཅན་ སྟག་ཚང་ལས་ ས་ཐག་མ་རིང་པའི་ ས་གནས་འདི་ཁར་ འཛོམས་མི་འདི་ སྟབས་ལེགས་སྟེས་དབང་གིས་ མིནམ་འོང་མནོཝ་ཨིན་མས།
འཛམ་གླིང་ནང་ རྐྱེན་ངན་ཚབས་ཆེན་དེ་ར་ རིན་ཐང་ཆེ་བའི་ སེམས་ཅན་གྱི་རིགས་ཚུ་ རྩ་མེད་འགྱོ་ནི་གི་ དུམ་ཁར་ལྷོད་མི་དེ་ ངེའི་སེམས་ཁར་ སྤྱི་ལོ་ ༢༠༠༨ ལོར་ སུ་དཱན་ཟེར་མི་ བྱང་ཕྱོགས་བསེ་རུ་ཕོ་ མཐའ་མཇུག་གི་སྐོར་ལས་ འཛམ་གླིང་ནང་ དྲན་པ་ཐེབས་ བཙུགས་མི་དེ་ གསལ་ཏོག་ཏོ་སྦེ་ ཤར་དོ་བཟུམ་སྦེ་ ཁྱེད་ལེ་ཤ་ཅིག་གིས་ཡང་ སེམས་ཁར་དྲན་དོ་འོང་།
བསེ་རུ་དེ་ ཤི་བའི་ཤུལ་ལས་ ཁོ་བཟུམ་མའི་ བསེ་རུའི་རིགས་བརྒྱུད་ རྩ་མེད་སོང་ཡོདཔ་ལས་ བསེ་རུ་སུ་དཱན་དང་ ཁོ་གི་སྲུང་རྒྱབ་ ༢ ཀྱི་ དཔར་དེ་གིས་ ང་བཅས་ལུ་ རི་དྭགས་སེམས་ཅན་ ཉུང་སུ་ཐལ་ཏེ་ མཐར་ཐུག་ལུ་ རྩ་མེད་འགྱོ་དོ་ཡོད་པའི་ དྲན་པ་བཙུགསཔ་མ་ཚད་ གནད་འགག་ཆེ་བའི་ སྐྱེ་ལྡན་རིགས་སྣའི་ གྱོང་རྒུད་དང་ འགྲོ་བ་མིའི་འགན་ཁུར་ཚུ་ མེདཔ་འགྱོ་དོ་ཡོད་པའི་ ཚོར་སྣང་ཡང་བཙུགསཔ་ཨིན།
བསེ་རུ་སུ་དཱན་ ཤི་བའི་སྐབས་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ བློ་འགྱོད་ཀྱིས་གདུང་པའི་ མྱ་ངན་བསྐྱེད་མི་དེ་ལུ་ གཞི་བརྟེན་ཐོག་ལས་ ད་ལས་ཕར་ སེམས་ཅན་གྱི་རིགས་བརྒྱུད་ རྩ་མེད་འགྱོ་ནི་ལས་ བཀག་ཐབས་ཚུ་ འཕྲོ་མཐུད་དེ་ར་ གཙོ་བོར་བཟུང་དགོ་པའི་ དགོས་མཁོ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན།
ད་རེས་ གཅན་གཟན་སྟག་དེ་ཡང་ རྩ་མེད་ཐལ་ནི་གི་ ཉེན་ཁ་ཡོད་མི་དེ་ སེམས་ཀྱིགདིང་ལས་ར་ སྐྱོ་བའི་གཞི་ཅིག་ཨིནམ་ད་ དེ་བཟུམ་མའི་ གནས་སྟངས་དེ་ ང་བཅས་རའི་ མི་རབས་ནང་འཐོནམ་ལས་ ང་བཅས་ཀྱིས་ མཐར་འཁྱོལ་མ་ཚུགས་པའི་ གནད་དོན་ཅིགཨིན་པས།
ང་བཅས་ཀྱིས་ སྐྱེ་ལྡན་རིགས་སྣ་ཚུ་ ཉམས་བཅུག་པ་ཅིན་ ང་བཅས་ཀྱིས་ བརྩི་མཐོང་མེདཔ་བཟུམ་ཅིག་ཨིནམ་མ་ཚད་ རང་བཞིན་སྐྱེ་ལྡན་གྱི་ གནས་སྟངས་དེ་ ཡུན་བརྟན་ཅན་སྦེ་ བཞག་མ་ཚུགས་པ་ཅིན་ ང་བཅས་རའི་ འཚོ་བའི་དོན་གྱི་སྙིང་པོ་ར་ བྱང་སྟོར་ཤོར་ཡོད་པའི་ གོ་བ་ལེན་དགོཔ་ཨིན།
ད་རིས་ ང་བཅས་ ནཱ་ལུ་འཛོམས་མི་དེ་ གཅན་གཟན་སྟག་འཁྱམས་སའི་ ས་ཁོངས་ཚུ་ སྲུང་སྐྱོབ་འབད་དགོཔ་ གལ་ཆེ་ནི་དེ་གིས་ཨིནམ་ད་ དེ་བཟུམ་མའི་ ས་ཁོངས་མ་འདྲཝ་ཚུ་དང་ སྐྱེ་ལྡན་རིགས་སྣ་ ལེ་ཤ་ཡོད་པའི་ ས་ཁོངས་དེ་ཚུ་ ཉམས་སྲུང་འབད་བའི་སྐབས་ལུ་ རྩ་མེད་འགྱོ་ནི་གི་ ཉེན་ཁ་ཚབས་ཆེན་ཡོད་མི་ རི་དྭགས་སེམས་ཅན་ཚུ་ སྲུང་སྐྱོབ་འབདཝ་ཨིནམ་ ང་བཅས་ཀྱིས་ ཤེས་སར་ཨིན།
དེ་བཟུམ་མའི་ སྲུང་སྐྱོབ་ས་ཁོངས་ཚུ་གིས་ སྐྱེ་ལྡན་རིགས་སྣ་དང་འབྲེལ་བའི་ ཞབས་ཏོག་ཚུ་གིས་མ་དོ་བར་ ནགས་ཚལ་སྟུག་དྲགས་ཚུ་ནང་ བཙོག་རླུང་ཀཱར་བོན་ སིམ་ནི་གི་ ཚད་གཞི་ལུ་ཡང་ ཕན་ཐོགས་འབྱུང༌དོ༌ཡོདཔ༌ད༌ དེ༌ཡང༌ མདོར་བསྡུ་བ་ཅིན་ ང་བཅས་ཀྱིས་ འཛམ་གླིང་གི་ བདེ་ཉམས་ཉེན་སྲུང་འབདཝ་ཨིན།
འཕྲལ༌ཁམས༌ཀྱི༌ རྒྱལ་སྤྱི་སྟག་བསྐྱར་གསོའི་ སྙན་ཞུ་དང་འཁྲིལ་བ་ཅིན་ ལོ་ངོ་བརྒྱ་ཕྲག་གི་ དུས་རབས་ནང་ འཛམ་གླིང་ནང་ གཅན་གཟན་སྟག་གི་ གྲངས་འབོར་མར་ཉམས་ འགྱོ་མི་དེ་ བསྐྱར་ལོག་སྔར་ཤུལ་ལུ་ བསྐྱལ་ནིའི་ནང་ མཐར་འཁྱོལ་བྱུང་མི༌ལུ་ ང་བཅས་ འབྲུག་གི་ཧོངས་ལས་ ཕན་ཐབས་འབད་ཚུགསཔ་ལས་ དཔའ་ཉམས་བསྐྱེད་ཚུགས་པའི་ གཞི་ཅིག༌ལུ་ འགྱུར་ཡོདཔ་ད་ རོ་ཡལ་བེང་གཱལ་ ཊའི་གར་ཟེར་མི༌ སྟག་གི་རིགས་དེ་ཡང་ འབྲུག་གི་གངས་རི་བདའ་སྟེ་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་ ༤,༠༠༠ ལྷགཔ༌ཅིག༌གི༌ ས་ཁར་ཡོད་མི་དེ་ ཡ་མཚན་ཆེ་བའི་ གཞི་ཅིག་ཨིན།
འདི་ཚུ་ག་ར་ རང་བཞིན་གནས་སྟངས་ལུ་ འབྲུག་གིས་ གུས་ཞབས་ཡོད་མི་ལས་ བྱུང༌ཡོདཔ༌ད༌ དེ༌བཟུམ་མའི་ གྲུབ་འབྲས་བཏོན་ནིའི་ནང་ འབྲེལ་བ་ཡོད་པའི་ ས་རོགས་རྡོ་རོགས་ཚུ་ནང་ དཔར་ཆས་ཚུ་བཙུགས་མི་ ནགས་ཚལ་གླིང་སྐྱོང་པ་ཚུ་དང་ བརྡ་དོན་བརྟག་དཔྱད་འབད་མི་ མཁས་མཆོག་ཚུ་ དེ་ལས་ རང་སོའི་སྒོ་ནོར་དང་ ལོ་ཐོག་ལུ་ གནོད་པ་ཡོད་རུང་ རི་དྭགས་སེམས་ཅན་ ཉམས་སྲུང་ལུ་ རྒྱབ་སྐྱོར་འབད་མི་ མི་སྡེ་རེ་རེ་བཞིན་དུ་ལུ་ ངེའི་ཁ་ཐུག་ལས་ བཀའ་དྲིན་ཆེ་ཟེར་ སླབ་ནི་དང༌འབྲེལ༌ གཅན༌གཟན་སྟག་གནས་མི་ ནགས་ཚལ་ནང་ སྟག་གི་གྲངས༌འབོར་ བསྐྱར་གསོ་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་མི་ རྒྱལ་ཁབ་གཞན་ཚུ་ལུ་ཡང་ ངོས་ལེན་ཡོད།
ང་བཅས་ཀྱི་ ཁ་ཐུག་ལས་ གཅན༌གཟན་སྟག་ཉམས་སྲུང་དེ་ དོན་དག་ཡོདཔ་ བཟོ་ཐབས་ལུ་ འཐོན་ཁུངས་དང་ ཁྱད་རིག་གི་རྒྱབ་སྐྱོར་ དེ་ལས་ དགོས་མཁོ་ཡོད་པའི་ མཉམ་འབྲེལ་འཐབ་མི་ཚུ་ལུ་ཡང་ བཀྲིན་ཆེ་ཟེར་ སླབ་ནི་དང་ ང་བཅས་རའི་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ དོ་འགྲན་ཚུ་ཡོད་རུང་ བཙོག་རླུང་ཀཱར་བོན་མེད་པའི་ རྒྱལ་ཁབ་སྦེ་ རྒྱུན་སྐྱོང་འཐབ་ནི་གི་ ཁས་ལེན་ཐོག༌ལས་ རྒྱབ་སྐྱོར་འབད་མི་ག་ར་ལུ་ བཀའ་དྲིན་ཆེ།
འདས་པའི་དུས་རབས་ཚུ་ནང་ འགྱུར་བ་ཐོན་མི༌ འབྲུག་གི་ཁྱད་ཆོས་ཅན་གྱི་ ཐབས་ལམ་ཚུ་ གོང་འཕེལ་བཏང་ནིའི་ནང་ ང་བཅས་རའི་ བརྩི་མཐོང་དང་ ཡིད་ཆེས་ཀྱིས་ ལམ་སྟོན་འབད་དེ་ཡོད། ང་བཅས་ཀྱིས་ སྲོག་ཆགས་ག་ར་ གཅིག་ལུ་གཅིག་བརྟེན་གྱི་ ཡིད་ཆེས་ཡོད་ནི་དེ་གིས་ ལམ་སྲོལ་ཅན་གྱི་ མི་སྡེ་དང་ རང་བཞིན་གནས་སྟངས་ཀྱི་བར་ན་ གཅིག་སྒྲིལ་རྒྱུན་སྐྱོང་འཐབ་ནི་ལུ་ ཕན་ཐོགས་བྱུང་སྟེ༌ཡོད།
ང་བཅས་ཀྱི་ འབྲུག༌རྒྱལ་ཁབ་འདི་ བརྒྱ་ཆ་ ༧༠ ནགས་ཚལ་གྱིས་ གང་སྟེ་ཡོདཔ་ལས་ བཙོག་རླུང་ཀཱར་བོན་འཐོན་ཚད་ ཕྱེད་དང་གསུམ་གྱི་རྩིས་ ནགས་ཚལ་ནང་ སིམ་ཚུགས་ཏེ་ རི་དྭགས་སེམས་ཅན་མ་འདྲཝ་ཚུ་ འཁྱམས་སའི་ས་ཁོངས་སྦེ་ གནས་ཏེ་ཡོདཔ་ཨིན།
མི་དབང་ཞབས༌དང་ ང་རང་གིས་ མི་དབང་སྐུ༌འཁོར༌གྱི་ ལམ་སྲོལ་དང་འཁྲིལ་ཏེ་ ནམ་དལ་ཁོམ་ཡོདཔ་ཅིག་ཁར༌ རྒྱལ་ཁབ་ཀྱི༌ ལྷོ་ཕྱོགས་ལུ་ཡོད་མི་ རྒྱལ་འཛིན་མ་ནཱཛ་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ འགྱོ་ནི་གི་སྲོལ་དེ་ འཕྲོ་རྒྱུན་མཐུད་དེ་ ང་བཅས་ཀྱི་ ཨ་ལོ་ཚུ་གིས་ཡང་ ཉམས་དགའ་བའི་ རང་བཞིན་གནས་སྟངས་དང་ རི་དྭགས་ཀྱིས་ གང་སྟེ་ཡོད་མི་ མ་ནཱཛ་ལུ་ སེམས་དགའཝ་ཨིན།
དེ་གི་ནང་ལས་ཡང་ རྩ་མེད་འགྱོ་ནི་གི་ ཉེན་ཁ་ཡོད་མི་ སྤྱ་གསེར་མདོག་ཅན་ཚུ་ ཉིན་བསྟར་བཞིན་དུ་ མཐོང་ནི་ཡོདཔ་ལས་ དེ་ཚུ་ལུ་ སྤྲོ་བ་སྦོམ་བསྐྱེད༌དེ༌ འཕྲལ་འཕྲལ་ར་ མི་དབང་མཆོག་གིས་ ཕྱི་རུ་ཁམས་ཅིག༌ཁར༌ ནགས་ཚལ་ནང་གི་ འགྲུལ་ལམ་བདའ་སྟེ་ བྱོན་ནི་གི་ གོམས་འདྲིས་ཚུད་དེ་ཡོད།
མདང་ཞག་ ང་བཅས་ མ་ནཱཛ་ལུ་སྡོདཔ་ད་ དྲོ་ཐེངས་ཅིག་ མི་དབང་མཆོག་ རྒྱུགས་བྱོན༌པའི་ ཉིནམ༌གྱི་ནངས་པར་ འགྲུལ་ལམ་དེ་ཁ་ར་ ནགས་ཚལ་གླིང་སྐྱོང་པ་ཚུ་གིས་ ཕྱུག་གུ་དང་སྦྲགས་མི་ སྟགམོ་ཅིག་གི་ རྐང་རྗེས་ཚུ་ མཐོང་ཡོདཔ་ལས་ ག་ནི་བ་ཡང་ དགའ་སྤྲོ་འཕེལ་ཡི།
དུས་རབས་ ༢༡ པའི་ནང༌ འབྲུག་གི་སྤྲོ་བ་ཆེ་བའི་ གོང་འཕེལ་འདི་ཡང་ མི་དབང་མཆོག༌གི༌དགོངས་བཞེད་ དམིགས་བསལ་གྱི་ རང༌དབང༌བདག་སྐྱོང་ལུང་ཕྱོགས་ དགེ་ལེགས་ཕུག་གི་ དྲན་ཤེས་ཁྲོམ་ཚོགས་དེ་གིས་ འགྲོ་བ་མི་དང་ རང་བཞིན་གནས་སྟངས་ཀྱི་བར་ན་ འབྲེལ་དོན་གྱི་གནས་ཚད་ མཐོ་དྲགས་བཟོ་ནི་གི་ ཁས་ལེན་ཡོདཔ་ཨིན།
དེ་ཡང་ སྐྱེ་ལྡན་རིགས་སྣ་ ལེ་ཤ་ཡོད་པའི་ མིང་གཏམ་ཅན་གྱི་ རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ རྒྱལ་ཡོངས་གླིང་གའི་བར་ན་ ཀི་ལོ་མི་ཊར་ ༢,༥༠༠ གྲུ་བཞི་འབད་མི་ལུ་ ཁྱབ་ནི་ཨིནམ༌ད༌ ཐུན་མོང་མ་ཡིན་པའི་ ཁྲོམ་ཚོགས་འདི་ འཇོན་སྟབས་ཅན་གྱི་ གོང་འཕེལ་དང་ ཡར་འཕར་ ༢ རང་བཞིན་གནས་སྟངས་དང་ རི་དྭགས་ དེ་ལས་ ལམ་སྲོལ་ཚུ་ གཅིག་སྒྲིལ་ཐོག་ལས་ དྲན་ཚོར་དང་ ཆོས་འབྲེལ་གནས་སྟངས་ ག་ནི་གིས་ཡང༌ཕྱུག་པའི་ དཔལ་འབྱོར་ས་ཁོངས་ འགོ་དང་པ་ཨིན།
ཁྲོམ་ཚོགས་འདི་གིས་ འབྲུག་གི་དོན་ལུ་ དུས་སྐབས་གསརཔ་ཅིག་ ངོས་འཛིན་འགྲུབ་ཚུགས་ནི་དང་ དེ་ཡང་ འཕྲལ་ཐོག་གི་ གསར་བཏོད་ཚུ་ གནའ་སྔ་མའི་ གནས་སྟངས་དང་ མཉམ་བསྒྲིལ་འབད་བའི་ མ་འོངས་པ་ལུ་ འགྱུར་ནི་ཨིན།
ནཱ་འཛོམས་མི་ཚུ་ལུ་ ང་བཅས་ཀྱིས་ ཉམས་སྲུང་གི་ ཁས་ལེན་དང་བསྟུན་ཏེ་ ཡུན་བརྟན་ཅན་གྱི་ གནད་འགག་ཆེ་བའི་ མ་དངུལ་གྱི་ དགོས་མཁོ་ངོ་མ་དེ་ རྒྱབ་ཁར་བསྐྱུར་ནི་མི་འོང་། དུས་སྐབས་མང་ཤོས་ཅིག་ར་ ཉམས་སྲུང་མཁས་མཆོག་ཚུ་གི་ གལ་ཆེ་བའི་ ལས་སྣ་དེ་ མ་དངུལ་གྱི་ རྒྱབ་སྐྱོར་ཏན་ཏན་མེད་མི་གིས་ བར་ཆད་རྐྱབ་ལས་ ད་རེས་ཀྱི་ ཞལ་འཛོམས་འདི་གི་ ཀུན་སློང་དེ་ཡང་ གཅན༌གཟན༌སྟག་གི་ ས་ཁོངས་ཚུ་གི་དོན་ལུ་ གསར་བཏོད་ཅན་གྱི་ མ་དངུལ་གྱི་ ཐབས་ལམ་ཚུ་བརྒྱུད་དེ་ རྒྱ་ཆེ་བའི་ འཐོན་ཁུངས་ཚུ་ བསྡུ་སྒྲུབ་འབད་ནི་དེ་ཨིན།
ད་རིས་ ནཱ་འཛོམས་མི་ག་ར་ལུ་ ངེའི་ཁ་ཐུག་ལས་ ངལ་རངས་ཡོད་ཟེར་ སླབ་ནི་དང་ ཁྱེད་ཀྱིས་ རང་སོའི་ལཱ་ཁོངས་ནང་ བརྩོན་ཤུགས་དང་ ལཱ་གི་ཁེ་ཕན་ཚུ་ ཡ་མཚན་ཆེ་བའི་ སེམས་སྐུལ་གྱི་ གཞི་ཅིག་ཨིན།
ང་བཅས་ག་ར་ གཅིག་སྒྲིལ་ཐོག་ལས་ སྲོག་ཆགས་རྩ་མེད་འགྱོ་ནི་དང་ བརླག་སྟོར་ཤོར་ནི་གི་ གནས་སྟངས་དེ་ སྲོགས་ཆགས་ཡོངས་ལུ་ བྱམས་པ་དང་ སྙིང་རྗེ་ མོས་གུས་ཚུ་བསྐྱེད་དེ་ ཡུན་ཐུབ་ཅན་སྦེ་ སྔར་ཤུལ་ལུ་ བསྐྱར་གསོ་འབད་ཚུགས་དགོ༌པའི་ཁར་ ཉམས་སྲུང་གི་ ལས་དོན་འདི་ནང་ ང་བཅས་ག་ར་ལུ་ ཕན་ཚུན་གཅིག་སྒྲིལ་དང་ ཚད་མེད་པའི་ ལེགས་སྒྱུར་གི་ གོ་སྐབས་བཟང་པོ་ཐོབ་སྟེ་ བདེ་ཉམས་ཐོག་ལུ་གནས་པའི་ རེ་སྨོན་ཡོད།
བཀྲིན་ཆེ། བཀྲིས་བདེ་ལེགས།

Comments are closed.

Related

Special News

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།

མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

gyalchi
Special News

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།    ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]

Online now: 3 Today: 4139 Total visitors: 6816