སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ གཅིག་བསྒྲིལ་ཞིབ་དཔྱད་སྒོ་ར་ཁར་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཞིབ་དཔྱད་འབད་བའི་སྐབས་ལུ་ པདྨ་རྡོ་རྗེ་ཟེར་མི་གིས་ བྱོག་འགྱོ་ནི་གི་ དཔའ་བཅམ་ཡོད་རུང་ རྒྱལ་གཞུང་འགག་སྡེ་གིས་ དེ་འཕྲལ་ལས་ འཛིན་བཟུང་འབད་བའི་ཤུལ་ལུ་ ཁོ་ལས་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ སྨན་ཐུམ་ ༥༦༠ དང་ ཨེན་༡༠ ཕུད་རྡོག་ ༡༠ ཐོབ་ཡོདཔ་ཨིན་པས།
དྲི་དཔྱད་སྐབས་ལུ་ ཁྲིམས་འགལ་གྱི་ སྨྱོ་རྫས་དེ་ཚུ་ རྒྱ་གར་གྱི་མི་ཁུངས་ ར་ཧིམ་ཟེར་མི་ཅིག་ལས་ ཉོ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ པདྨ་རྡོ་རྗེ་གིས་ཡང་ སྨྱོ་རྫས་ཚུ་ རྒྱ་གར་གྱི་ མི་ཁུངས་དེ་ནང་ལས་ དངུལ་ཀྲམ་ ༡༢,༠༠༠ སྤྲོད་དེ་ ཉོ་ཡོདཔ་སྦེ་ ཁ་བཟེད་ནུག།
དེ་བསྒང་ པདྨ་རྡོ་རྗེ་གིས་ སྨྱོ་རྫས་དེ་ཚུ་ བདའ་མི་ཟུན་ནིའི་ ཐབས་ཤེས་ལུ་ གོ་ལ་བཏབ་མཚམས་ཚུ་ནང་བཙུགས་ཏེ་ འབག་འོང་ཡོདཔ་ད་ ད་རེས་ སྨྱོ་རྫས་འཛིན་བཟུང་འབད་མི་དེ་གིས་ ས་མཚམས་ཀྱི་ ཞིབ་དཔྱད་སྒོ་ར་ཚུ་ནང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྨྱོ་རྫས་ཀྱི་ ནག་ཚོང་བཀག་ཐབས་ལུ་ བརྩོན་ཤུགས་ལྷོད་མེད་ བསྐྱེད་དོ་ཡོད་པའི་ བརྡ་སྟོནམ་ཨིན་པའི་གནས་ཚུལ།



