ArchiveAboutContact
Special News

མི་དབང་ཞབས་ལས་ མི་ངོམ་དང་ གཙུག་སྡེ་ཚུ་ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ།

· 1 min read

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཁབ་ལུ་ དད་དམ་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་མི་ མི་ངོམ་དང་ གཙུག་སྡེ་ཚུ་ལུ་ རྒྱལ་ཡོངས་གཟེངས་ཐོན་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
ལས་ཚོགས་སློབ་དཔོན།
གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྗོ་རྗེ་གིས་ འབྲུག་གི་རྩ་བ་ ༣ ལུ་ ཕན་ཐོགས་ཅན་གྱི་ ཞབས་ཏོག་གང་དྲག་ཞུ་བའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
དེ་ཡང་ དགུང་ལོ་ ༥༦ བཞེས་མི་ ལས་ཚོགས་སློབ་དཔོན་མཆོག་གིས་ གཞུང་གྲྭ་ཚང་གི་ འདུས་ཚོགས་དང་ བཀོད་ཚོགས་ཚུ་གི་ ཁྲི་འཛིན་དང་ གཙུག་སྡེ་དང་ མི་སྡེ་ཚུ་ནང་ ལཱ་དང་ དུས་ཚོད་ཀྱིས་ བྱ་སྟབས་མ་བདེ་བར་ ཆོས་འབད་ལོང་མེད་མི་དང་ གནམ་དགུན་གྱི་ ངལ་གསོའི་དུས་ཚོད་ཁར་ སློབ་ཕྲུག་ཚུ་ལུ་ ནང་ཆོས་དང་འབྲེལ་བའི་ གོམས་འདྲིས་ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་ཨིན་པས།
དེ་མ་ཚད་ དམིགས་བསལ་གྱིས་ བདེ་སྲུངཔ་ཚུ་ལུ་ ནང་ཆོས་སྦྱོང་བརྡར་དང་ གོམས་འདྲིས་ལས་རིམ་ ཐེངས་ ༡༢ པར་ ལྷོད་དེ་ཡོདཔ་ད་ སྤྱི་ལོ་ ༢༠༢༡ ལོར་ བདེ་སྲུང་རིག་རྩལ་ལས་རིམ་ལུ་ རྒྱབ་སྐྱོར་གྱི་དོན་ལས་ བདེ་སྲུངཔ་ ༡༥ ཝེཊ་ནམ་རྒྱལ་ཁབ་ནང་ ལོ་ངོ་ ༡ གི་རིང་ལུ་ ཤིང་བཙུགས་རིག་རྩལ་སྦྱོར་བརྡར་ནང་ བཏང་ཡོདཔ་ཨིན་པས།
དེ་ལས་ ཝེཊ་ནམ་ལུ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ གཞི་བཙུགས་གནང་པའི་ཁར་ ཨཱཛ་ཊེ་ལི་ཡ་ལུ་ཡང་ ནང་ཆོས་དང་ ལམ་སྲོལ་ཡར་རྒྱས་ཀྱི་དོན་ལས་ ཀེན་བེ་ར་དང་ པཱརཐ་མངའ་སྡེ་ ༢ ཀྱི་ནང་ ཆོས་སྡེ་གཞི་བཙུགས་མཛད་ནུག།
དགུང་ལོ་ ༥༦ བཞེས་མི་ སློབ་དཔོན་སངས་རྒྱས་རྡོ་རྗེ་དེ་ སྤྱི་ལོ་ ༢༠༡༤ ལུ་ ལས་ཚོགས་སློབ་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
ཨར་ཝིན་ཀུ་མར་མིཤ་ར།
ཨར་ཝིན་ཀུ་མར་མིཤ་ར་གིས་ འབྲུག་ལུ་ གློག་མེ་དང་འབྲེལ་བའི་ ལས་འགུལ་ཚུ་ནང་ དད་དམ་ལྷད་མེད་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ཡོད་པའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་བགྲེསཔ་ སྐྱེས་ལོ་ ༦༨ འབད་མི་ ཨར་བིན་ཀུ་མར་མིཤ་ར་གིས་ སྤྱི་ལོ་ ༢༠༡༢ ལུ་ མང་སྡེ་ཆུ་ གློག་མེ་ལས་འགུལ་དེ་ འགོ་བཙུགས་པའི་ཉིན་མ་ལས་ སྤྱི་ལོ་ ༢༠༡༩ ལུ་ མཇུག་མ་བསྡུ་ཚུན་ འཛིན་སྐྱོང་མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༠༠ ལས་ ༢༠༠༢ ཚུན་ ཀུར་རི་ཆུ་ གློག་མེ་ལས་འགུལ་ནང་ཡང་ ཕྱག་ཞུ་ནུག།
ཇོ་ན་ཐཱན་རོཛ།
ལཱོན་ཌཱོན་ལུ་ཡོད་མི་ པ་ར་ཡར་ པཱཏ་ནར་ཟེར་མི་ སྒེར་སྡེ་འཆར་གཞི་ལས་ཁུངས་ཀྱི་ མདོ་ཆེན་དང་ འཛམ་གླིང་ནང་ མིང་གཏམ་ཅན་གྱི་ བཟོ་བཀོདཔ་མཁས་མཆོག་ ཡུ་ཀེ་ལས་ཨིན་མི་ ཇོ་ན་ཐཱན་རོཛ་གིས་ སྤ་རོ་དང་ ཐིམ་ཕུའི་ལུང་ཕྱོགས་དང་ ཁྲོམ་ཚོགས་ཡར་རྒྱས་ཀྱི་དོན་ལས་ ཐབས་བྱུས་དང་ བཟོ་བཀོད་འཆར་གཞིའི་ལས་རིམ་ལུ་ གཙོ་རིམ་སྒྲིག་ནིའི་ནང་ ལཱ་འབད་བའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
ཇོ་ན་ཐཱན་ ཨེཕ་པི་རོཛ།
དེ་བཟུམ་སྦེ་ ཨ་མི་རི་ཀ་ལས་ཨིན་མི་ ཇོ་ན་ཐཱན་ ཨེཕ་པི་རོཛ་གིས་ཡང་ འབྲུག་ལུ་ རྒྱལ་འཛིན་ཁྲོམ་ཚོགས་ གོང་འཕེལ་ལྷན་ཚོགས་དང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ དེ་ལས་ ཐིམ་ཕུ་རྫོང་ཁག་དང་ ཁྲོམ་སྡེ་ཚུ་ལུ་ གྲོས་སྟོན་དང་ རྒྱལ་སྤྱི་བཀོད་ཚོགས་ཀྱི་ ཁྲི་འཛིན་སྦེ་ ཕྱག་ཞུ་བའི་ཁར་ སྤ་རོ་དང་ ཐིམ་ཕུ་ལུང་ཕྱོགས་ནང་ ཁྲོམ་ཚོགས་ཡར་རྒྱས་ཀྱི་ ཐབས་བྱུས་དང་ བཟོ་བཀོད་འཆར་གཞི་ བཟོ་ནི་དང་ ཐིམ་ཕུའི་བཟོ་བཀོད་འཆར་གཞི་ཚུ་ གཙོ་རིམ་སྒྲིག་ནིའི་ནང་ ཕྱག་གང་དྲག་ཞུ་བའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
འབྲུག་ཨོ་ལིམ་པིག་ཚོགས་པ།
འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ རྒྱལ་ཁབ་ནང་ རྩེད་རིགས་ཡར་དྲགས་བཏང་པའི་ཁར་ ན་གཞོན་དང་ རྩེད་རིགས་ཚོགས་པ་ དེ་ལས་ ལུས་རྩལཔ་ཚུ་ལུ་ གོ་སྐབས་དང་ རྒྱབ་སྐྱོར་གང་དྲག་འབད་བའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
ཚོགས་པ་དེ་ སྤྱི་ལོ་ ༡༩༨༣ སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ རྒྱལ་སྤྱི་ཨོ་ལིག་ཚོགས་པ་གིས་ ངོས་འཛིན་འབད་ཡོདཔ་ད་ སྤྱི་ལོ་ ༢༠༠༩ ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་ ཚོགས་པའི་གཙོ་འཛིན་སྦེ་ བསྐོ་བཞག་གནང་ནུག།
ཚོགས་པ་དེ་གི་ཐོག་ལས་ ད་ཚུན་གྱི་རིང་ལུ་ ལུས་རྩལཔ་ ༡༣༨ ཀྱིས་ རྒྱལ་སྤྱིའི་རྩེད་འགྲན་ནང་ལས་ གསེར་གྱི་རྟགས་མ་ ༢ དང་ དངུལ་གྱི་རྟགས་མ་ ༢ རག་གི་རྟགས་མ་ ༣ ཐོབ་ཡོདཔ་ད་ ལུང་ཕྱོགས་རྩེད་འགྲན་ནང་ལས་ གསེར་གྱི་རྟགས་མ་ ༨ དང་ དངུལ་གྱི་རྟགས་མ་ ༡༦ རག་གི་རྟགས་མ་ ༣༨ ཐོབ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ།
འདས་པའི་མི་ལོ་ ༥ གི་རིང་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ དད་དམ་ལྷད་མེད་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ འབྲུག་གི་རྩ་བ་ ༣ ལུ་ ཕྱག་ཕྱིད་གང་དྲག་ཞུ་བའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།
འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ རྒྱལ་ཁབ་ནང་ གོང་འཕེལ་གྱི་ ཕྱག་ལཱ་མང་རབས་ཅིག་ གནང་ཡོད་མིའི་གྲས་ལས་ གྲུབ་འབྲས་སྦོམ་ཤོས་ཅིག་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་སྐབས་ལུ་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ཀྱི་ གདོང་ལན་གང་དྲག་འབད་བ་ལུ་བརྟེན་ཏེ་ འཛམ་གླིང་ནང་ མིང་གཏམ་སྦོམ་ཐོན་ནུག།
དེ་མ་ཚད་ ཞི་གཡོགཔ་ལེགས་སྒྱུར་གྱི་སྐབས་ལུ་ཡང་ བྱ་སྟབས་མ་བདེཝ་ཚུ་ ག་དེ་སྦེ་ར་ཐོན་རུང་ འཚེར་སྣང་ག་ནི་ཡང་མེད་པར་ ཕྱག་ལཱ་གནང་ཡོདཔ་ལས་ རྒྱལ་ཁབ་ཀྱི་ ཞབས་ཏོག་ཞུ་ནི་ལུ་ དམིགས་བསལ་གྱིས་ ཕན་ཐོགས་བྱུང་ཡོད་པའི་གནས་ཚུལ།

Comments are closed.

Related

Special News

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།

མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

gyalchi
Special News

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།    ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]

Online now: 7 Today: 4230 Total visitors: 6907