པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འཕྲལ་ཁམས་ཅིག་ཁར་ ལྷུན་རྩེ་ཨུང་སྒར་ལུ་ ཆུ་རུད་ཐོན་ཏེ་ མི་གྲངས་ ༢༣ ཕྱགས་བདའ་བའི་ ས་ཁོངས་ནང་ ད་རེས་ཡང་ ཕུངམོ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་སར་ ཆིབས་བསྐྱོད་གནང་ཡོདཔ་ཨིན་པས།
དེ་ཡང་ མི་དབང་མངའ་ཞབས་མཆོག་ ཕྱི་རྒྱལ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༣ ལུ་ རྒྱལ་ཁབ་ནང་ ལོག་ཕེབས་པའི་ཤུལ་ལས་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་ཁ་ཐུག་ལུ་ ཆིབས་བསྐྱོད་གནང་ནུག།
ཆུ་རུད་ཀྱིས་ རྐྱེན་ངན་བྱུང་མི་ ཉམས་རྒུདཔ་ཚུ་ཡང་ ཡུང་གི་ཆུ་ གློག་མེ་ལས་འགུལ་ བཟོ་བསྐྲུན་གྱི་ ལས་བྱེདཔ་ཚུ་ཨིནམ་ད་ ལ་ལོ་ཅིག་ ཁོང་ཕྱད་པར་འོང་མི་ ནང་ཚན་ཚུ་ཨིན་པས།
རྐྱེན་ངན་དེ་ སྤྱི་ཟླ་ ༧ པའི་ཚེས་ ༢༠ གི་ཕྱི་རོ་ ཧང་སྟོང་མར་ ཆུ་རུད་དང་ ས་རུད་ཐོན་མི་ལུ་བརྟེན་ཏེ་ བྱུང་ཡོདཔ་ད་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་མིའི་གྲས་ལས་ ད་ཚུན་གྱི་བར་ན་ ཕུངམོ་ ༨ འཚོལ་ཐོབ་ནུག།
ད་རེས་ཡང་ རྒྱལ་པོའི་གཟིམ་དཔོན་ ཡིག་ཚང་གིས་ འགོ་འདྲེན་ཐོག་ལུ་ ཕུངམོ་འཚོལ་ཞིབ་དང་ རྒུད་སྐྱོབ་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་འབདཝ་ཨིན་པས།
དེ་བསྒང་ འབྲུག་ཤར་ཕྱོགས་ལུ་ མི་དབང་མཆོག་གི་སྐུ་ཚབ་ མི་དབང་རྒྱལ་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ཡང་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ མི་དབང་ཞབས་ཀྱི་ ཕྱག་ཞུ་སྟེ་ བྱོན་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཨའུ་མཚོ་ལུ་སྦེ་ ཉམས་རྒུད་པ་ཚུ་གི་ བཟའ་ཚང་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ ལྷུན་རྩེ་རྫོང་ཁག་གི་ འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།
ད་ཚུན་གྱི་རིང་ལུ་ འཚོལ་ཐོབ་མི་ ཕུངམོ་དེ་ཚུ་ རང་སོའི་བཟའ་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ རྐྱེན་ངན་དེ་ བྱུང་པའི་ཉིན་མ་ལས་ རྒྱལ་ཡོངས་ཀྱི་ གནས་ཚད་ཁར་ བསྔོ་བ་དང་ སྨོན་ལམ་ཚུ་ འཕྲོ་མཐུད་དེ་ར་ གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།.
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཀུར་སྟོད་ཨུང་སྒར་ལུ་ ཆུ་རུད་ཐོན་སའི་ ས་ཁོངས་ནང་ཆིབས་བསྐྱོད།
Related

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།
མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།
སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས། ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]