ནོར་བུ་བཟང་མོ་དང་ ལྷག་པ་གྲུབ་བ།
ཁྱེད་མི་སེར་ཚུ་ ཁ་ཙ་ཕྱི་རོ་ཆུ་ཚོད་ ༩ དང་ ༡༠ ལས་ར་ ཅང་གླིང་མའི་ཐང་ནང་འཛོམས་ནི་ འགོ་བཙུགས་ནུག་ཟེར་གོ་ཡི། དེ་སྦེ་ ནུབ་ཅིག་ར་ བསྒུགས་སྡོད་མི་དེ་ ད་རེས་ ག་ནི་བ་ རྩ་ཅན་ཨིན་པའི་ རྒྱལ་ཡོངས་དུས་ཆེན་ནང་ བཅའ་མར་གཏོགས་ནི་གི་ མནོ་བསམ་བཏང་སྟེ་ འོང་ཡོདཔ་ལས་ ཁྱེད་ཆ་ཁྱབ་ལུ་ རྒྱབ་སྐྱོར་དང་ ཁྱོད་རའི་ཁ་ཐུག་ལས་ཡང་ ཡིད་ཆེས་དང་ དཔའ་ཉམས་བསྐྱེད་མི་འདི་ལུ་ ངེའི་ཁ་ཐུག་ལས་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་སྦོམ་ཡོད།
ད་རེས་ རྒྱལ་ཡོངས་དུས་ཆེན་འདི་ ཅང་གླིང་མི་ཐང་ནང་ རྐྱངམ་ཅིག་ལུ་མིན་པར་ རྫོང་ཁག་ ༢༠ གི་ མི་སེར་ག་ར་ རྒྱང་མཐོང་ནང་ མཇལ་ནི་སྦེ་དང་ ཡང་ཅིན་ རྟེན་འབྲེལ་ཐང་ནང་ འཛོམས་ཞིནམ་ལས་ དགའ་སྟོན་བརྩི་སྲུང་ཞུ་སར་ སྡོད་སྡོདཔ་འོང་། འབྲུགཔ་ལ་ལུ་ཅིག་ ཕྱི་རྒྱལ་ལས་ཕར་ སྡོད་མི་ཚུ་གིས་ཡང་ གློག་རིག་ཡོངས་འབྲེལ་ཐོག་ལས་སྦེ་ མཇལ་སྡོད་དོ་ཡོདཔ་ལས་ ད་རེས་ཀྱི་ ཉིནམ་འདི་ཁར་ འབྲུག་པའི་མི་སེར་ཆེ་འབྲིང་ཆུང་ ༣ ག་ར་ ང་བཅས་ཀྱི་ སེམས་ཁར་དྲན་ཏེ་ཡོད། ད་རེས་ ག་ནི་བ་ཉམས་དགའ་བའི་ རྒྱལ་ཡོངས་དུས་ཆེན་གྱི་ ཉིནམ་འདི་ཁ་ལུ་ ང་ར་ ཨ་རྟག་ར་ སེམས་ཁར་ཚོར་སྣང་ཡང་ མ་འདྲཝ་ཅིག་བྱུངམ་ཨིན་མས།
ང་ར་འདི་ ཨ་རྟག་ར་ ང་རའི་ཡབ་ཀྱི་སྐོར་ལས་ ཡབ་རྗེ་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་མཆོག་ སྤྱི་ལོ་ ༡༩༧༢ ལུ་ རྒྱལཔོ་མཛད་དེ་ རྒྱལ་པོའི་ཕྱག་འགན་ཚུ་ གནང་ཡོདཔ་ལས་ རྒྱལ་རབས་མཇལ་ཏེ་ མནོ་བསམ་བཏང་བལྟཝ་ད་ སྤྱི་ལོ་ ༡༩༧༡ འབྲུག་རྒྱལ་གསུམ་པ་ དགོངསམ་མ་རྫོགསཔ་ཅིག་ཁར་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ འཛུལ་ཞུགས་མཛད་གནང་ནུག།
དེ་བསྒང་ འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལཔོ་མཛདཔ་ད་ལུ་ ད་རེས་ཀྱི་ རྒྱལ་ཁབ་དང་ དེ་བསྒང་གི་ རྒྱལ་ཁབ་ ༢ ཀྱི་བར་ན་ མ་པ་ལས་ར་ གནམ་དང་སའི་ཁྱད་པར་ཆགས་ཏེ་ འདྲ་ར་མི་འདྲ་བས། དེ་བསྒང་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ ག་གིས་ཡང་ མ་ཤེས་རུང་ ད་རེས་ནངས་པར་ ག་ཏེ་ར་འགྱོ་རུང་ བྷུ་ཊཱན་ཟེར་བའི་བསྒང་ལས་ བྷུ་ཊཱན་ལས་ཨིན་མས་ཟེར་ འབྲུག་རྒྱལ་ཁབ་འདི་ སྐད་ཅན་མིང་ཅན་ཅིག་ལུ་ གྱུར་སོང་ནུག
དེ་བསྒང་ བྷུ་ཊཱན་ཟེར་བ་ཅིན་ བྷུ་ཊཱན་ཟེར་མི་ ག་ཏེ་སྨོ་ རང་དབང་གི་ རྒྱལ་ཁབ་ཨིན་ན་ འ་ནི་བཟུམ་མའི་ ལོ་རྒྱུས་གོ་ར་མ་གོ་ བྷུ་ཊཱན་ག་ཏེ་སྨོ་ཟེར་མི་ ཧེ་མ་ཕར་བཞག་ ང་ཆུང་སུ་ཅིག་སྦེ་ ཕྱི་རྒྱལ་ལས་ཕར་ དཔེ་ཆ་ལྷབ་པར་ འགོ་ཐོག་འགྱོ་བའི་སྐབས་ལུ་ བྷུ་ཊཱན་ཟེརཝ་ད་ བྷུ་ཊཱན་འདི་ ཤེས་མི་ག་ཡང་མིན་འདུག། དེ་བཟུམ་སྦེ་ སྤྱི་ལོ་ ༡༩༧༢ ལུ་ འབྲུག་རྒྱལ་བཞི་པ་མཆོག་ རྒྱལཔོ་སྦེ་བཞུགཔ་ད་ལུ་ ཕྱི་འབྲེལ་སྲིད་སྐྱོང་གི་ མཐུན་ལམ་ཟེར་རུང་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་མ་གཏོགས་ གཞན་ག་དང་ཅིག་ཁར་ཡང་ མཐུན་འབྲེལ་མིན་ནུག།
ད་རེས་ནངས་པར་ ང་བཅས་རའི་ ཧེམ་ཅུ་ནང་ རང་གི་ཏི་རུ་ བཙུགས་ནི་ཡོད་མི་ དངུལ་ཀྲམ་འདི་ཡང་ སྤྱི་ལོ་ ༡༩༧༤ ལུ་ འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲིར་མངའ་གསོལ་ཞུཝ་ད་ལུ་ དངུལ་ཀྲམ་ཟེར་ རང་གི་འབྲུག་པའི་ཏི་རུ་ འགོ་དང་པ་ཐོན་མི་འདི་ རྒྱལ་ཁབ་རང་དབང་གི་ ངོ་རྟགས་ངོ་མ་ཅིག་ཨིན་རུང་ ཏི་རུ་འདི་ཡང་ སྤྱི་ལོ་ ༡༩༧༤ ལས་མ་གཏོགས་ འགོ་མ་བཙུགས་པས།
ད་རེས་ནངས་པར་ ང་བཅས་རའི་ རྒྱལ་ཁབ་ནང་ འཆར་དངུལ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ རང་གི་ཏི་རུ་ཡོདཔ་ལས་ ང་བཅས་ལུ་ ཚ་གྱང་འདི་ར་ འབྲུག་རྒྱལ་ཁབ་ཀྱི་ འཆར་དངུལ་འདི་ ག་དེ་སྦེ་ ལག་ལེན་འཐབ་ཨིན་ན་དང་ མི་སེར་ལུ་ ག་དེ་སྦེ་ ལྷོདཔ་སྦེ་བཟོ་ཨིན་ན་ ངན་ལྷད་ཀྱི་ཐོག་ལས་ བར་སྟོང་མི་བཏང་ག་ ལཱ་མི་འཛོལ་ག་ སྲིད་བྱུས་ལེགས་ཤོམ་སྦེ་ བརྩམ་དགོ་པས་ཟེར་བའི་ ཚ་གྱང་འདི་ར་ཨིན།
ད་རེས་ནངས་པར་ གཞུང་གི་ཡིག་ཚང་ཚུ་ལུ་ ལེགས་ཤོམ་སྦེ་བལྟ་སྟེ་ སྒྲིག་གཞི་ཚུ་ ལེགས་ཤོམ་སྦེ་བརྩམ་སྟེ་ ལེགས་བཅོས་ཐོག་ལས་ ཞི་གཡོགཔ་སྟོང་ཕྲག་ ༣༢ ལྷགཔ་ཅིག་ཡོད་མི་ཚུ་ ལག་ལེན་ག་དེ་སྦེ་ འཐབ་ནི་ཨིན་ན་དང་ ཞི་གཡོགཔ་ཚུ་གིས་ མི་སེར་ཚུ་ལུ་ ཕན་ཐོགསཔ་སྦེ་ ཕྱག་ཕྱིད་ཞུ་ཚུགསཔ་བཟོ་ནི་ དེ་དང་འབྲེལ་བའི་ ཐབས་ལམ་དང་ གནས་སྐབས་ཚུ་ སྟོན་ནི་མ་གཏོགས་ དེ་བསྒང་འབད་བ་ཅིན་ ལཱ་འབད་མི་ར་མེདཔ་ད་ མདོར་བསྡུ་བ་ཅིན་ དེ་བསྒང་དང་ ད་ལྟོའི་བར་ན་ ཁྱད་པར་ག་དེམ་ཅིག་ ཆགས་ཏེ་འདུག།
འབྲུག་རྒྱལ་བཞི་པ་མཆོག་ སྤྱི་ལོ་ ༡༩༧༢ ལུ་ ཁྲི་ཐོག་གུ་ཕེབས་ཏེ་ མི་ལོ་ ༣༢ ཀྱི་ཤུལ་ལས་ སྤྱི་ལོ་ ༢༠༠༦ ལུ་ རྒྱལ་པོའི་ཕྱག་འགན་འདི་ ང་ལུ་ རྩིས་སྤྲོད་གནང་ཡི། ལོ་ངོ་ ༣༤ གི་རིང་ལུ་ རྒྱལ་ཁབ་ཀྱི་ གཞི་འགྱམ་དང་ འཚོ་བའི་གནས་སྟངས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཚུ་ གནམ་དང་སའི་ཁྱད་པར་ཆགས་པའི་ ཕྱག་ལཱ་ཚུ་མཛད་པའི་ གྲུབ་འབྲས་ཚུ་ ངལ་རངས་ཏོག་ཏོ་སྦེ་ཐོན་ནུག།
ང་རའི་ཁ་ཐུག་ལས་ དེ་སྦེ་ སླབ་དགོ་མི་དེ་ཡང་ ད་རེས་ཀྱི་ དུས་རབས་ནང་སྡོད་མི་ རྒྱལཔོ་ང་ར་ལས་ འགོ་བཟུང་སྟེ་ ང་བཅས་རའི་ མི་སེར་གྱི་ རེ་བ་དང་ སྨོན་ལམ་ ལཱ་དང་ འགན་ཁུར་ཅིག་ཨིནམ་ལས་ ད་ལྟོའི་བར་ན་ཡང་ ང་བཅས་ཀྱིས་ འགན་ཁུར་འབག་སྟེ་ ཕྱག་ཞུ་དོ།
ང་བཅས་ཀྱི་ མི་ཚེ་འདི་ནང་ ད་རེས་ཀྱི་ དུས་རབས་འདི་ཁར་ འབྲུག་རྒྱལ་བཞི་པའི་སྐབས་ལུ་ མཛད་དོ་བཟུམ་ཅིག་ སྤྱི་ལོ་ ༢༠༠༦ ལས་ ང་གིས་ རྒྱལ་པོའི་འགན་ཁུར་འབག་པའི་ ཉིན་མ་ལས་ ནམ་ཅིག་གི་ཚེ་ དགོངསམ་ཞུ་སྟེ་ མ་འོངས་བུ་གཞི་ལུ་ རྒྱལ་ཁབ་འདི་ རྩིས་སྤྲོདཔ་ད་ གནམ་དང་སའི་ཁྱད་པར་ ཆགས་ནི་ཡོདཔ་ཅིག་སྦེ་ རྒྱལ་ཁབ་འདི་ ཧེང་སྐལ་ར་ སྒྲིང་སྒྲིང་དང་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་སྦེ་ བཟོ་བའི་གུ་ མི་སེར་ར་འབད་རུང་ ཡར་རྒྱས་བཏགས་ཏེ་ གྲུབ་འབྲས་སྦོམ་སྦེ་ འཐོན་ཐོག་ལུ་ རྩིས་སྤྲོད་ཚུགས་པའི་ འགན་ཁུར་དང་ ཕྱག་ལཱ་ཨིན།
དེ་འབདཝ་ལས་ ད་རེས་ འབྲུག་རྒྱལ་བཞི་པ་ལུ་ཡང་ ང་བཅས་རའི་ མི་སེར་ག་ར་གི་ ཁ་ཐུག་ལས་ ཧིང་ལས་ར་ སྐུ་ཚེས་ཞབས་པས་བརྟན་པའི་ སྨོན་ལམ་དང་ བཀའ་དྲིན་དགའ་ཚོར་ གུས་བཏུད་ཚུ་ ཕུལ་ནི་ཨིན།
ད་རེས་ དུས་ཧེ་མ་དང་ ད་རེས་ ཤུལ་མ་ཟེར་ དུས་གསུམ་འཛོམས་པའི་ རྒྱལ་ཡོངས་དུས་ཆེན་འདི་ ཨ་རྟག་དང་ མ་འདྲ་མི་དེ་ཡང་ ལོ་གསུམ་དེ་ཅིག་ ནད་ཡམས་ཀྱི་ཞོར་ཁ་ལས་ དགའ་སྟོན་རྟེན་འབྲེལ་ ལེགས་ཤོམ་སྦེ་ བརྩི་མ་ཚུགས་རུང་ ད་རེས་ གཞན་དང་མ་འདྲཝ་སྦེ་ ང་བཅས་ག་ར་ དགའ་ཏོག་ཏོ་སྦེ་ གཅིག་ཁར་འཛོམས་ཚུགས་ནི་འདི་གིས་ གནམ་མེད་ས་མེད་ཀྱི་ དགའ་ཚོར་དང་ ངལ་རངས་བྱུང་ཡི།
དུས་ཅི་གི་ རྒྱལ་ཡོངས་དུས་ཆེན་འདི་ བཀའ་དྲིན་བསམ་ནི་གི་ དུས་ཆེན་ཅིག་ཨིནམ་ད་ ནད་ཡམས་ཀོ་ཝིཌ་-༡༩ གིས་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེཝ་སྦོམ་སྦེ་ ཐོན་ཡོད་མི་དེ་ཡང་ རང་གི་མི་ཚེ་འདི་ནང་ དུས་ནམ་ཡང་ མཐོང་མ་མྱོང་པའི་ ནད་གཞི་གསརཔ་དེ་གི་ ཕོག་མ་མཐོང་ མི་གིས་མ་མཐོང་པའི་ བྱང་ཕྱད་དང་ གདོང་ལན་འབད་བའི་བསྒང་ དམག་རྐྱབ་དང་འདྲ་ཡི།
མི་ལ་ལུ་ཅིག་གིས་ ད་རེས་ནངས་པར་ ང་བཅས་ དམག་ལས་རྒྱལ་སོང་ཡི་ཟེར་མི་འདི་བདེན། ག་དེ་སྦེ་ རྒྱལ་སོངཔ་སྨོ་ཟེར་བ་ཅིན་ མི་སེར་ཚུ་གིས་ ཁྱིམ་ཅིག་ནང་གི་ བཟའ་ཚང་བཟུམ་མའི་ མནོ་བསམ་བཏང་སྟེ་ རྡོགཔ་འདྲེགས་ཞིནམ་ལས་ རྩ་འགེངས་ཏེ་ འགན་ཁུར་འབག་ནི་འདི་གིས་ཨིན།
རྒྱལ་ཁབ་ལ་ལུ་ཅིག་ནང་ འཐུས་དུམ་གྲ་རེ་ ཤོར་ཡོད་མི་དེ་ཡང་ སླབ་མི་ལུ་ ཉན་ཁུག་མ་བཏབ་ ཁ་འཆམ་མ་ཚུགས་ གཅིག་གིས་འབད་མི་ལུ་ གཅིག་གིས་མ་བཏུབ་སྦེ་ཞུ་ མ་པ་ལས་ར་ གཅིག་གིས་གཅིག་ལུ་ བློ་གཏད་མ་ཚུགས་པར་ འར་འུར་སྦེ་ སྤྱ་སྡུག་འཐབ་ནི་དེ་གིས་ ཞལ་ཐག་དཔྱངས་ཏེ་ འཐུས་ཤོར་ཡོདཔ་ཨིན་མས།
ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ མི་སེར་ཚུ་ ཁ་འཕྱལ་དགོ་རུང་ འཕྱལ་མི་ཚུགས། གནམ་ཁ་ལས་ གནམ་ལྕགས་བུད་ ས་ཁ་ལས་ ས་ཆུ་ཐོན་རུང་་ ང་བཅས་ འབྲུག་པའི་མི་སེར་ཚུ་ ཁ་འཕྱལ་ར་ མ་ཚུགསཔ་ཅིག་ཨིན།
ནད་ཡམས་ཀྱི་སྐབས་ལུ་ ང་བཅས་རའི་ མི་སེར་ཚུ་ གནམ་མེད་ས་མེད་ ཕངས་སི་སི་སྦེ་ དཀའཝ་སྤྱད་ཡོད་མི་དེ་ཡང་ འགྲོ་འགྲུལ་བཀག་དམ་དང་ མི་མང་རབས་ཅིག་ ཟུར་བཞག་ནང་ བཙུགས་བཞག་པའི་ཁར་ ཐབས་ར་མེད་པར་ ཀོ་ཝིཌ་-༡༩ གི་ བརྟག་དཔྱད་འབད་དགོཔ་ ཐོན་པའི་བསྒང་ལས་ མི་ཁྲི་དང་འབུམ་སྦེ་ ད་ལྟོ་མིན་ ད་ལྟོ་ར་ བརྟག་དཔྱད་འབད་བར་ཤོག་ཟེར་ མི་བཙར་ཚུགས་མ་ཚུགསཔ་སྦེ་ ལཱ་འབད་དགོཔ་བྱུང་ཡི།
དེ་མ་ཚད་ ནད་ཡམས་དེ་ལུ་ གདོང་ལེན་འབད་བའི་བསྒང་ཡང་ དགའ་སྐྱོ་ར་མེད་པར་ མི་སེར་ཚུ་ ལཱ་འབད་མ་སྟེར་ ཚོང་རྐྱབ་མ་བཅུག་ འགྲོ་འགྲུལ་བཀག་དམ་ཟེར་བའི་བསྒང་ལས་ ཁྱིམ་གྱི་སྒོ་ཁ་ལས་ ཕྱི་ཁར་ཐོན་མ་ཆོགསཔ་སྦེ་བཟོ། རེ་ཚེ་སྐབས་ མི་སེར་ཚུ་ ཁྱིམ་ནང་བསྡམས་བཞག་སྟེ་ ཟླཝ་ཟླཝ་སྦེ་ཡང་ ལུས་སོང་ཡི།
ལོགས་གཅིག་གི་ ཁ་ཐུག་ལས་ ནད་གཞི་ལུ་བརྟེན་ཏེ་ རང་གི་ཚེ་སྲོག་ལུ་ ཉེན་ཁ་མི་བྱུང་ག་ཟེར་བའི་ ཚ་གྱང་དང་ ལོགས་གཅིག་གི་ ཁ་ཐུག་ལས་ རང་ལུ་ལཱ་མེད་ འོང་འབབ་ཆད་དེ་ ཟད་འགྲོ་མ་ལངས་པར་ ལྟ་མ་སྤང་ན་མི་ལུས་ག་ཟེར་བའི་ ཚ་གྱང་གུ་ ཚ་གྱང་ཕོག་སྟེ་ར་འབད་རུང་ ང་བཅས་རའི་ མི་སེར་ཚུ་གིས་ རང་དོན་རྐྱངམ་གཅིག་ལུ་མ་བལྟ་བར་ སྤྱིར་བཏང་གི་ མཐའ་དོན་ལུ་ མནོ་བསམ་བཏང་ཤེས་པའི་ཁར་ རང་གི་ཚ་གྱང་ལས་ལྷག་སྟེ་ རོགས་ལུ་མི་གནོད་ག་མནོ་བའི་ ཚ་གྱང་ཡང་ ལངས་ཤེས་པའི་ མི་ཨིན་མས།
རྒྱལ་ཁབ་ནང་ ཉེན་ཁ་ཐོན་པའི་བསྒང་ ག་ར་གིས་ ཁྱིམ་གཅིག་ནང་གི་ བཟང་ཚང་བཟུམ་སྦེ་ སྒྲིང་སྒྲིང་སྦེ་ འགན་ཁུར་འབག་ཞིནམ་ལས་ རྩ་འགེངས་སྟེ་ འཐུས་ཤོས་མེད་པར་ ཕྱག་ཞུ་བའི་ཁར་ རང་ལུ་ཡང་ ལངས་ཚུགས་མ་ཚུགསཔ་དང་ དུམ་གྲ་ཅིག་ལས་མེད་རུང་ ཕན་ཅིག་མི་ཐོགས་ག་ཟེར་ སྨོན་ལམ་བཏབ་སྟེ་ ཞལ་འདེབས་ཕུལ་བའི་ཁར་ ག་ཏེ་ཕན་ཐོགས་སར་དང་ ཁག་ཆེ་ས་ལུ་ ཁས་བླངས་ཐོག་ལས་ འགན་འཁུར་འབག་ཏེ་ ཞབས་ཏོག་ཚུ་ཡང་ཞུ་ཡི།
འབྲུག་པའི་མི་སེར་ཚུ་གིས་ རང་གི་རྒྱལ་ཁབ་ཀྱི་ ཚ་གྱང་རྐྱངམ་གཅིག་མིན་པར་ ཉེན་འཚུབ་ལུ་བརྟེན་ཏེ་ འཛམ་གླིང་ནང་ དཀའཝ་སྤྱད་མི་ཚུ་ལུ་ཡང་ ཕངས་སེམས་བསྐྱེད་དེ་ འཛམ་གླིང་ཞི་བདེའི་དོན་ལས་ སྐུ་རིམ་དང་ བཟློག་ཐབས་ སྨོན་ལམ་ཚུ་ གནང་ཡོད་མི་ཚུ་ཡང་ འབྲུག་པའི་མི་སེར་ཚུ་གིས་ རྒྱང་མཐོང་ནང་སྦེ་མཇལ་ནུག།
རྒྱལ་ཁབ་མང་རབས་ཅིག་ནང་ མི་མང་རབས་ཅིག་ དཀའཝ་སྤྱད་མི་དང་ ཚེ་འདས་སོང་མི་ཚུ་གི་དོན་ལུ་ཡང་ ཕངས་སེམས་བསྐྱེད་དེ་ མི་འཁྲུགཔ་དང་ དཀར་མེ་སྟོང་མཆོད་ མ་ཎི་དུང་སྒྲུབ་ ནད་ཡམས་ཞི་ཐབས་ལུ་ སངས་རྒྱས་སྨན་བླ་ཚུ་ཡང་ མ་ཆད་པར་བཏང་མི་ལུ་ རང་ག་ཅི་སྦེ་ ངལ་མི་རངས་ནི་ ལྷ་ཀླུ་ཚུ་ཡང་ ཐུགས་དགྱེས་ཏེ་ བཞུག་བཞུགསཔ་འོང་།
ནད་ཡམས་ཀྱི་སྐབས་ལུ་ ང་བཅས་རའི་ འབྲུགཔ་ཚུ་གིས་ རྒྱལ་ཁབ་ལུ་ ཤ་ཚ་སྟེ་ གདོང་ཁར་ཐོན་ཞིནམ་ལས་ ཚགས་ཁར་ཚུད་ཏོག་ཏོ་དང་ སྒྲིང་སྒྲིང་སྦེ་ འཐུས་ཤོར་མེད་པར་ རྩ་འགེངས་ཏེ་ ཧིང་སངས་ས་དང་ འཇའ་ཆི་ཆི་ ངལ་རངས་ཏོག་ཏོ་སྦེ་ འགན་ཁག་འབག་ནི་དེ་གིས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ ཁྱད་དུ་འཕགས་པའི་ རྒྱལ་ཁབ་ཅིག་ཨིན་ཟེར་མི་འདི་ ག་ཏེ་ལས་ ཐོནམ་སྨོ་ཟེར་བ་ཅིན་ དམ་ཚིག་ལུ་བརྟེན་ཏེ་ ཐོནམ་ཨིན་པས།
དམ་ཚིག་དེ་ཡང་ རྒྱལཔོ་དང་ མི་སེར་གྱི་བར་ན་དང་ གཞུང་དང་ མི་སེར་གྱི་བར་ན་ མི་སེར་དང་ མི་སེར་གྱི་བར་ན་ རང་དང་ རང་གི་འགན་ཁུར་གྱི་བར་ན་ དམ་ཚིག་འདི་ གཏིང་གཟབ་དྲགས་ མཐའ་ཡས་རྒྱ་མཚོ་བཟུམ་སྦེ་ཡོདཔ་ད་ དེ་ཡང་ དཔྱེ་འབད་བ་ཅིན་ ཨྱོན་གུ་རུ་རིན་པོ་ཆེ་ དུས་རབས་ ༨ པའི་ནང་ འབྲུག་ལུ་ ཞབས་བཅག་གནང་སྟེ་ མི་ལོ་ ༡,༣༠༠ ལྷགཔ་ཅིག་ སོང་ཡོདཔ་བཞིན་དུ་ མི་རབས་ལས་མི་རབས་དང་ དུས་རབས་ལས་དུས་རབས་ ལོ་སྟོང་ཕྲག་ལྷག་སོང་རུང་ ཨྱོན་གུ་རུ་རིན་པོ་ཆེ་ ད་ལྟོ་ སྐུ་དངོས་སུ་ བཞུགས་དོ་བཟུམ་སྦེ་ རང་གི་གཉིད་ལམ་དང་ རང་གི་སྨོན་ལམ་ རང་གི་ཁྱིམ་ནང་ རང་གི་ཆོས་བཤམས་ནང་ རང་གི་རྒྱལ་ཁབ་ནང་ཡོད།
ག་ཏེ་ར་མཇལ་རུང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ཞབས་བཅག་གནང་པའི་ ས་གོ་འདི་ གནས་རྩ་ཆེ་དྲགས་དང་ ལྷ་ཁང་དགོན་སྡེ་ཚུ་ གཞི་བཙུགས་གནང་སྟེ་ ལོ་སྟོང་ཕྲག་ལྷག་སོང་རུང་ ཨྱོན་གུ་རུ་རིན་པོ་ཆེའི་ བྱིན་རླབས་འདི་ གཞན་དང་མ་འདྲཝ་སྦེ་ འབྲུག་རྒྱལ་ཁབ་ནང་ བདག་འཛིན་འཐབ་སྟེ་ཡོད་མི་འདི་ ག་ཅི་ལུ་བརྟེན་ཏེ་ཨིན་ན་ཟེར་བ་ཅིན་ ང་བཅས་རའི་ འབྲུག་པའི་མི་སེར་ཚུ་ དམ་ཚིག་སྲུང་ཤེས་ནི་འདི་གིས་ཨིན་མས།
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ དུས་རབས་ ༡༧ པའི་ནང་ འབྲུག་རྒྱལ་ཁབ་ཀྱི་ ཕྱག་ལཱ་ཚུ་ མཛད་གནང་ཡོདཔ་ད་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ ཐུགས་ཁར་བསྣམས་མི་ དགོངས་གཏེར་དང་ ཞལ་ལས་གསུངས་མི་བཀའ་སློབ་ ཕྱག་ལཱ་མཛད་རེ་མཛད་ཚེ་ཅིགཔོ་ འགོ་བཙུགས་གནང་མི་ཚུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ ཐུགས་སྨོན་ཚུ་ ད་ལྟོའི་བར་ན་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་ སྐུ་དངོས་སུ་སྦེ་ རྒྱལ་ཁབ་ཀྱི་ དབུ་ཁྲིདཔ་བཟུམ་སྦེ་ ང་བཅས་ མི་སེར་ཚུ་གི་ སེམས་ཁར་དྲན་ཏེ་ དབྱེ་བ་ག་ནི་ཡང་མེད་པར་ ཕྱག་ཕྱིད་ཞུ་དོ།
འབྲུག་རྒྱལ་ཁབ་ནང་ དམ་ཚིག་འདི་ གཞན་དང་མ་འདྲཝ་ཅིག་ཨིན་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ དམ་ཚིག་མི་ཉམས་བསམ་པར་གྲུབ་པར་ཤོག་ཟེར་ དམ་ཚིག་དཔང་བཙུགས་ཀྱི་སྒོ་ལས་ ལཱ་འབད་བ་ཅིན་ ག་ཅི་འབད་རུང་ དོན་དག་གྲུབ་ཚུགས་ཟེར་གསུངས་ནུག།
དུས་ཅི་ རྒྱལ་ཡོངས་དུས་ཆེན་འདི་ཁར་ དོན་ཚན་ཁག་ ༥ ཡོད་མི་དེ་ཡང་ དོན་ཚན་དང་པ་འདི་ ནད་ཡམས་ཀྱི་སྐབས་ལུ་ ཧེ་མར་ མ་ཤེས་མི་ཤེས་ ཧ་མ་གོ་མི་གོ་ ཐབས་ལམ་དང་ གནས་སྐབས་གསརཔ་ ལེ་ཤ་ཅིག་ར་ཐོན་ཏེ་ གཞན་དང་མ་འདྲ་བའི་ ཉམས་མྱོང་དང་ རིག་པ་ལེགས་ཤོམ་སྦེ་ཐོབ་ཅི།
ང་བཅས་རའི་ སེམས་ཁར་དྲན་དགོཔ་དེ་ཡང་ ནམ་རང་སྦེ་རུང་ མ་བརྗེད་པར་ བལྟ་ནི་འདི་ གལ་ཆེ་ནི་ཨིནམ་ད་ ད་ལྟོ་བར་སྐབས་ཅིག་གི་དོན་ལས་ ཀོ་ཝིཌ་-༡༩ གི་ ནད་ཡམས་དེ་ རྫོགས་སོང་རུང་ ད་ལས་ཕར་ རྐྱེན་ངན་གསརཔ་ ག་བཟུམ་ཅིག་ འཐོན་འོང་ག་དང་ ག་ཏེ་ལས་ འཐོན་འོང་ག་ ཆེ་ཆུང་ག་དེམ་ཅིག་ འཐོན་འོང་ག་ ག་དེ་སྦེ་ འཐོན་འོང་ག་ ག་གིས་ཡང་ སླབ་མི་ཤེས་པས།
ཡང་ཅིན་ ནད་གཞི་འཐོན་ཏེ་ ང་བཅས་ལུ་ ལཱ་ཁག་རྐྱབ་འོང་། ནད་གཞི་མིན་པ་ཅིན་ རྐྱེན་ངན་གཞན་དང་གཞན་ཡང་ འཐོན་སྲིད་ནི་ཨིན་མི་དེ་ཡང་ དམག་འཁྲུག་དང་ འབྱུང་བཞིའི་རྐྱེན་ངན་ འཐོན་ནི་ཨིནམ་ད་ ད་རེས་ ལོ་ ༣ གྱི་རིང་ལུ་ དཀའཝ་སྤྱད་དེ་ ནད་ཡམས་རྒྱབ་ཐལཝ་ད་ ང་བཅས་ཀྱིས་ དྲན་པ་འཐེབ་ཅིག་ ག་ཅི་བཏགས་ཅི་ཟེར་བ་ཅིན་ ནམ་རང་འབད་རུང་ གྲ་སྒྲིག་སྦེ་ སྡོད་ནི་འདི་ གནམ་མེད་ས་མེད་ ཁག་ཆེཝ་སྦེ་མཐོང་ཅི།
དོན་ཚན་ ༢ པ་འདི་ ད་རེས་ནངས་པར་ ཚར་ཅིག་ལེགས་ཤོམ་སྦེ་ མིག་ཏོག་གིས་བལྟ། རྣ་བ་གིས་ཉན། འཛམ་གླིང་ནང་ རྒྱལ་ཁབ་ཡོད་རེ་ཡོད་ཚེ་ཅིགཔོ་ དྲོ་པ་དང་ ཕྱི་རུ་ཟེར་མེད་པར་ ཚ་གྱང་སྦོམ་ཅིག་ལངས་ནི་ འགོ་བཙུགས་ཡོདཔ་ད་ ཚ་གྱང་དེ་ཡང་ འཛམ་གླིང་ནང་ དཔལ་འབྱོར་འདི་ མར་ཉམས་འགྱོཝ་ཨིན་པས།
འཛམ་གླིང་ནང་ དཔལ་འབྱོར་གུ་ ཐོ་སྦོམ་སྦེ་ར་ ཕོག་ཡོད་པའི་ རྟགས་མཚན་ཚུ་ཡང་ ཅ་ཆས་ཀྱི་གོང་དང་ མར་ཁུའི་གོང་ཚད་ཚུ་ ཡར་འཛེགས་ཡོདཔ་ལས་ ཡུ་ཨེཛ་ཌོ་ལར་དེ་ ཤུགས་བཏགས་ཏེ་ རང་གི་ཏི་རུ་འདི་ ཤུགས་མར་འབབ་འགྱོ་བའི་ཁར་ ཡུ་ཨེཛ་གི་ ཕེཌ་ཟེར་མི་ དངུལ་སྐྱེད་ཚུ་ ཡར་སེང་འབད་ནི་ཨིན་ཟེར་ཡང་ སླབ་ཨིན་མས།
དེ་ལས་ ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་དེ་ ནེ་ཅིག་ལུ་ མཇུག་བསྡུ་ནི་ཟེར་ ག་ནི་ཡང་མེདཔ་ལས་ དམག་འཁྲུག་དེ་གིས་ཡང་ འཛམ་གླིང་ནང་གི་ དཔལ་འབྱོར་ག་ར་ལུ་ ཐོ་ཕོག་ནི་གི་ ཉེན་ཁ་ཡོད་མི་དེ་ཡང་ ཆརཔ་ཕ་ཁར་རྐྱབ་ད་ ཟིལཔ་ཚུར་ཁར་ རེག་ཟེར་དོ་བཟུམ་སྦེ་ འཛམ་གླིང་ནང་ སྟབས་མ་བདེ་བའི་བྱེམ་དེ་ འབྲུག་རྒྱལ་ཁབ་ལུ་ཡང་ཕོག་འོང་།
ལོ་དུས་ཅི་དང་ སང་ཕོད་ ༢ ལུ་ ང་བཅས་ཀྱིས་ དྲནམ་འཐེབ་ཅིག་ར་སྟོན་ཏེ་ རིགཔ་འགྱིམ་ཐོག་ལུ་ སྟབས་མ་བདེཝ་ མ་འཐོན་པ་ཅིན་ དགའ་ནི་ཨིན་རུང་ ག་དེམ་ཅིག་སྦེ་ འཐོན་པ་ཅིན་ གྲ་སྒྲིག་སྦེ་ སྡོད་དགོཔ་གལ་ཆེ།
དོན་ཚན་ ༣ པ་འདི་ རྒྱལ་ཁབ་ནང་ ཕྱག་ལཱ་ཁག་ཆེ་ཏོག་ཏོ་ ལེ་ཤ་ཅིག་ཡོད་པའི་ནང་ལས་ ད་ལྟོ་འཕྲལ་ར་ རྩ་ཆེ་ཏོག་ཏོ་ཡོད་མི་འདི་ མི་སེར་གྱིས་ ལེགས་ཤོམ་སྦེ་ར་ ཤེས་མི་དེ་ཡང་ ལེགས་བསྒྱུར་ཟེར་ ཁེ་ཕན་ཅན་གྱི་ལཱ་དང་ འགྱུར་བའི་ལཱ་ ལེགས་བཅོས་ཀྱི་ལཱ་ དེ་ལས་ ཕྱག་ལཱ་མཛད་རེ་མཛད་ཚེ་ཅིགཔོ་འདི་ རྒྱལ་ཁབ་སྒྲིང་སྒྲིང་ བཟོ་ནི་དང་ དཔལ་འབྱོར་སྒྲིང་སྒྲིང་བཟོ་ནི་ མི་སེར་དང་ འདི་གི་ནང་དོན་ཉིད་ལས་ ང་བཅས་རའི་ ན་གཞོན་ཚུ་ སེམས་ཁར་བཞག་སྟེ་ ཁོང་གི་མ་འོངས་པའི་ གནས་སྟངས་འདི་ ད་རེས་བ་ལྷགཔ་སྦེ་ དགའ་ཏོག་ཏོ་ བཟོ་ནིའི་དོན་ལས་ ལེགས་བཅོས་ཀྱི་ལཱ་ཚུ་ རིམ་པ་བཞིན་དུ་ ཐོགས་ཆགས་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ འགོ་བཙུགས་གནང་ཡི།
ད་ཚུན་གྱི་བར་ན་ ལཱ་ཚུ་ལེགས་ཤོམ་སྦེ་ འགྱོ་མི་འདི་ མི་སེར་གྱིས་ར་ རྒྱབ་སྐྱོར་ཧྲིལ་བུར་སྦེ་ བྱིན་ནི་འདི་གིས་ཨིནམ་ལས་ བཀའ་དྲིན་དགའ་ཚོར་སྦོམ་ཡོད། ཨིན་རུང་ སེམས་བག་གཡེང་མ་ཤོར་བར་ ལཱ་འགོ་བཙུགས་མི་འདི་ མཇུག་མ་བསྡུ་ཚུན་ཚོད་ འཐུས་ཤོར་མེད་པར་ རྩིས་དག་བཏང་ཐོག་ལས་ རྩ་འགེངས་ཏེ་ ག་དེ་དྲག་དྲག་དང་ ག་དེ་མགྱོགས་མགྱོགས་སྦེ་ གྲུབ་འབྲས་འཐོནམ་སྦེ་ར་འབད་དགོ།
དོན་ཚན་ ༤ པ་ རྒྱལ་ཁབ་ནང་ སྟབས་མ་བདེཝ་སྦོམ་ཅིག་ འཐོན་དོ་ཡོད་མི་འདི་ ཉེན་ཁ་ཅན་ཅིག་ཨིནམ་ད་ སྟབས་མ་བདེཝ་དེ་གིས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ དཔལ་འབྱོར་ འཚོ་བའི་གནས་སྟངས་ དེ་ལས་ ང་བཅས་ག་ར་དང་ མི་སེར་ཚུ་ལུ་ གནོད་ནི་ཨིན་པའི་ཁར་ ང་བཅས་རའི་ ཨ་ལོ་བུཚ་ཚུ་ལུ་ཡང་ རྐྱེན་བར་ཆད་ འཐོན་ནི་ཨིནམ་ལས་ སྟབས་མ་བདེཝ་འདི་ སེལ་མ་ཚུགས་པ་ཅིན་ བཀལ་སར་བཀལ་ནི་གི་ ཉེན་ཁ་སྦོམ་འདུག།
འ་ནི་ སྟབས་མ་བདེཝ་འདི་ སྨྱོ་རྫས་ཨིནམ་ལས་ ང་བཅས་རའི་ ཨ་ལོ་བུཚ་ ལགཔ་སྤར་གང་ལས་མེད་ཟེརན་ མེདཔ་བཏང་ནི་གི་ ཉེན་ཁ་སྦོམ་འདུག། དེ་ཡང་ རྒྱལཔོ་ང་རང་ལས་ འགོ་བཟུང་སྟེ་ ང་བཅས་ ཕམ་ཚུ་གིས་ ལཱ་འབད་རེ་འབད་ཚེ་ཅིགཔོ་ རྒྱལ་ཁབ་ལུ་ ཕྱག་ཞུ་འབདཝ་ད་ ཤུལ་མའི་ཨ་ལོ་ཚུ་ ཁོང་གི་ངོ་བསྒང་ལུ་ ང་བཅས་བ་དྲགཔ་སྦེ་ སྒྲིང་སྒྲིང་དང་ ལེགས་ཤོམ་སྦེ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ ཡར་རྒྱས་བཏགས་ཏེ་ འཇའ་ཆི་ཆི་སྦེ་ སྡོད་ཚུགས་ནི་འདི་ སེམས་ཁར་བཞག་སྟེ་ར་ ལཱ་རྩ་འགེངས་འབད་ཡི།
དེ་འབདཝ་ད་ སྨྱོ་རྫས་ཀྱི་ཞོར་ཁ་ལས་ ཨ་ལོ་མང་རབས་ཅིག་ མེད་ཐལ་ཏེ་ ལོ་དུས་ཅི་བ་ སང་ཕོད་དང་ སང་ཕོད་བ་ གཞེས་ཕོད་ཟེར་ ལོ་གཅིག་བ་ལོ་གཅིག་གནས་སྟངས་འདི་ སྐྱོ་སུ་སྐྱོ་སུ་སྦེ་ ཐལ་ནི་ཨིན་པས།
ང་བཅས་ཀྱི་ ཨ་ལོ་ཚུ་ འ་ནི་བཟུམ་མའི་ ཉེན་ཁའི་ནང་ ཕོཝ་རྒྱགས་བཅུག་ནི་མིན་པར་ སྟབས་མ་བདེཝ་འདི་ ད་ལྟོ་ རང་གི་ཁྱིམ་ནང་ མ་ལྷོད་རུང་ ད་རེས་མིན་ ནངས་པ་ཟེརཝ་ད་ རང་གི་ཁྱིམ་ནང་ ལྷོད་ནི་ཨིནམ་ལས་ འ་ནི་ སྟབས་མ་བདེཝ་འདི་ སེལ་རང་སེལ་དགོ།
དོན་ཚན་ ༥ པ་ ནད་ཡམས་ཀྱི་སྐབས་ལུ་ མི་སེར་ག་ར་གིས་ ཕྱག་ཞུ་ཐངས་དང་ འགན་ཁུར་འབག་ཐངས་ ལཱ་འབད་ཐངས་ལུ་བལྟ་སྟེ་ ང་ གནམ་མེད་ས་མེད་ ངལ་རངས་བྱུང་མི་དེ་ཡང་ ཨ་རྟག་བ་ལྷག་སྟེ་ གཞན་དང་མ་འདྲཝ་སྦེ་ ག་ར་གིས་ ཚ་གྱང་ལང་ཐངས་དང་ ལཱ་འབད་ཐངས་ རྩིས་དག་བཏང་ཐངས་ གནས་སྐབས་སྟོན་ཐངས་ཚུ་ག་ར་ ཞུན་དག་ཏོག་ཏོ་དང་ ཟབ་ཏོག་ཏོ་ སྒྲིང་སྒྲིང་ ལེགས་ཤོམ་སྦེ་ ཕྱག་ཞུ་སར་མཐོང་ཅི།
ནད་ཡམས་སྐབས་ལུ་ རྫོང་ཁག་ ༢༠ གི་ནང་ ག་ཏེ་བྱོན་རུང་ ཞི་གཡོགཔ་དང་ དཔོན་ཁག་ཚུ་དང་ ཕྱད་ཐོག་ལས་ ཁོང་ལུ་ ཡང་ལས་ཡང་དུ་ དྲན་གསོ་འབད་ཡི། ནད་ཡམས་ལུ་ གདོང་ལེན་འབདཝ་ད་ ཁྱེད་ཀྱིས་ འ་ནི་སྦེ་ ཕྱག་ཞུ་བ་ཅིན་ ང་བློ་བདེ་བས། སེམས་དགའ་བས། ཚ་གྱང་ཉུང་པས། ལེགས་ཤོམ་ཨིན་པས་ དེ་འབདཝ་ད་ བརྗེད་མ་སོང་ ནད་ཡམས་དེ་ ནམ་ཅིག་གི་ཚེ་ མཇུག་བསྡུ་འོང་། དེ་སྦེ་ མཇུག་བསྡུ་བའི་ཉིན་མ་ལས་ ལཱ་ལེགས་ཤོམ་འབད་མི་ཚུ་ བཀོག་བཞག་ནི་མི་འོང་ ད་རེས་ ཁྱོད་ཀྱི་འབད་མི་ལཱ་ཚུ་ འཕྲོ་མཐུད་དེ་ར་ ཤུལ་ལས་ཡང་ འབད་ཤེས་པ་ཅིན་ རྒྱལ་ཁབ་ཀྱི་ དམིགས་ཡུལ་ཚུ་ག་ར་ རེ་བ་ལས་ལྷག་སྟེ་ དོན་འགྲུབ་ཚུགས།
དཔྱེ་འབད་བ་ཅིན་ ནད་ཡམས་ལུ་ གདོང་ལན་འབད་དོ་བཟུམ་སྦེ་ སྨྱོང་རྫས་ཀྱི་ སྟབས་མ་བདེཝ་ལུ་ཡང་ ཅོག་འཐདཔ་སྦེ་ བརྩོན་ཤུགས་བསྐྱེད་དེ་ ག་ར་གིས་ རྩ་འགེངས་ཏེ་ འགན་ཁུར་འབག་ནི་གི་ ཐབས་ལམ་ཚུ་སྟོན་ཏེ་ ལཱ་ན་འཐན་ཏོག་ཏོ་སྦེ་འབད་བ་ཅིན་ ཨ་ནི་ ཉེན་ཁ་དེ་ཡང་ ང་བཅས་ཀྱིས་ མེདཔ་བཏང་ཚུགས་ནི་ཨིནམ་ད་ ང་གིས་ ཧེ་མ་ལས་ འབྲུག་རྒྱལ་ཁབ་ནང་ ལཱ་འབད་ཚུགས་དང་ མ་ཚུགས་ཀྱི་ ལོ་རྒྱུས་མིན་པར་ འབད་མ་འབད་ཀྱི་ ཁྱད་པར་ཨིན་ཟེར་ སླབ་དོ་བཟུམ་སྦེ་ ལཱ་འབད་བ་ཅིན་ འབད་ཚུགས་ར་ཚུགས་པས།
རྟ་གི་ཁེ་རྒོ་འདི་ ཁུར་ཆ་བཀལཝ་ད་ལས་བརྒལ་ མི་ཤེས་དོ་བཟུམ་སྦེ་ ནད་ཡམས་ཀྱི་སྐབས་ལུ་ འབྲུག་རྒྱལ་ཁབ་ནང་ ང་བཅས་ག་ར་ལུ་ ཁུར་ཆ་སྦོམ་སྦེ་ར་ བཀལ་ཡོད་རུང་ ང་བཅས་ཀྱིས་ ཁུར་ཆ་འབག་ཐེག་པའི་ཁར་ ཚགས་ཁར་ཚུད་ མནོ་ཤེས་ཏེ་ འབད་མ་ཚུགསཔ་ཅིག་ ག་ནི་ཡང་མ་ཐོན།
ད་རུང་ རྒྱལ་ཁབ་ནང་ ད་ལས་ཕར་ཡང་ ཕྱག་ལཱ་མཛད་དགོཔ་ ལེ་ཤ་ཅིག་ཡོདཔ་ད་ ད་ཅི་ གོང་ལུ་སླབ་དོ་བཟུམ་སྦེ་ ང་བཅས་རའི་ མི་སེར་ཚུ་ ཁ་འཕྱལ་མ་ཚུགས་པར་ དུས་ཨ་རྟག་ར་ ཁྱིམ་གཅིག་ནང་གི་ མི་བཟུམ་སྦེ་ ལགཔ་མཐུད་ཞིནམ་ལས་ མནོ་བསམ་གཅིག་སྦེ་བཏང་ འགན་ཁུར་འབག་ དོགཔ་དྲེགས་ཐོག་ལུ་ རྩ་འགེངས་ཏེ་ ལཱ་འབད་བ་ཅིན་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ གོང་ལས་གོང་དུ་འཕེལ་ཏེ་ བདེ་སྐྱིད་ཀྱི་ ཉིམ་ཤར་ཞིནམ་ལས་ མ་འོངས་པའི་ གནས་སྟངས་འདི་ ལེགས་ཤོམ་སྦེ་ བཟོ་ཚུགས་ནི་ཨིན་མི་ལུ་ དོགས་པ་སྤུ་ལས་ར་མེད།
ད་ མཇུག་ར་ ང་རའི་ཁ་ཐུག་ལས་ བློན་ཆེན་ཌོག་ཊར་བློ་གྲོས་དང་ གཞུང་ལུ་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་མི་དེ་ཡང་ ཁོང་གིས་ ནད་ཡམས་ཀྱི་སྐབས་ལུ་ ཕྱག་ཕྱིད་ལེགས་ཤོམ་སྦེ་ཞུ་ཡི།
མི་གིས་འདི་ ཨ་རྟག་ར་ འབྲུག་མངའ་བདག་རྒྱལ་པོའི་ བཀའ་དྲིན་ལས་ཨིན་ཟེར་ སླབ་ཨིན་མས། ཁྱེད་མི་སེར་གྱི་ ང་ལུ་ རྒྱབ་སྐྱོར་དང་ ཡིད་ཆེས་འ་ནེམ་ཅིག་བྱིནམ་ད་ ང་ར་ ག་ཅི་མནོ་ནི་ཨིན་ན་ མི་ཤེས་པས་ རྩ་མ་འགེངསམ་མེད་ རང་གི་རྒྱལ་ཁབ་ལུ་ ང་བཅས་ཀྱིས་ ཕྱག་མ་ཞུ་བ་ཅིན་ ག་གིས་ཞུ་ནི། ནམ་ར་འབད་རུང་ ང་རའི་ཁ་ཐུག་ལས་འདི་ བརྒྱ་ཆ་ལས་བརྒྱ་ཆ་སྦེ་ར་ རྩ་འགེངས་འོང་།
ཨིན་རུང་ རང་གི་མི་ཚེ་འདི་ནང་ དུས་ནམ་ཡང་ མ་མཐོང་པའི་ ཉེན་འཚུབས་ཅིག་ཐོན་ཏེ་ ང་བཅས་ག་ར་ ནང་དོག་ཁག་ཁ་བཏངམ་ད་ ལཱ་འདི་ ང་བཅས་ཀྱིས་འབད་ཡི། ཨིན་རུང་ ད་རེས་ཀྱི་ བློན་ཆེན་དང་ གཞུང་ཚུ་གིས་ཡང་ རྩ་འགེངས་ཏེ་ ཕྱག་ཞུ་ཡི། ཤེསཔ་དཔྱ་གཅིག་དང་ མ་ཤེསཔ་དཔྱ་གཉིས་ཟེར་མི་འདི་ ང་རའི་ ཁ་ཐུག་ལས་ དུམ་གྲ་ཅིག་ མ་སླབ་པ་ཅིན་ ང་ བསམ་པ་མི་རྫོགས་ནི་ཨིནམ་ལས་ ཌོག་ཊར་བློ་གྲོས་དང་ གཞུང་ལུ་ དགའ་ཚོར་སྦོམ་ར་ཡོད།
འདི་གུ་ ལེགས་བསྒྱུར་དང་ ལེགས་བཅོས་ཀྱི་ལཱ་ཚུ་ ངེའི་མི་ཚེ་འདི་ནང་ ང་ རྒྱལཔོ་འབད་དེ་ ད་ལྟོ་ཚུན་ཚོད་ འདི་བཟུམ་གྱི་ ལཱ་ཚར་ཅིག་ཡང་ མཛད་མཛདཔ་མེད། མནོ་བསམ་ལེགས་ཤོམ་སྦེ་ བཏང་པ་ཅིན་ འདི་གཞན་དང་མ་འདྲ་བའི་ ལཱ་ཅིག་དང་ ཁག་ཆེ་བའི་ ལཱ་ཅིག་ཨིནམ་ལས་ ད་ལས་ཕར་ རྒྱལ་ཁབ་ཀྱི་ མ་འོངས་པའི་ གནས་སྟངས་འདི་ ག་དེ་སྦེ་ འགྱོ་འོང་ག་ཟེར་བ་ཅིན་ ད་རེས་ ལཱ་འགོ་བཙུགས་མི་འདི་ ལེགས་ཤོམ་སྦེ་ མཇུག་བསྡུ་ཚུགས་པ་ཅིན་ འདི་དང་འཁྲིལ་ཏེ་འགྱོ་འོང་།
འ་ནི་བཟུམ་གྱི་ལཱ་ ལཱ་ཁག་འདི་ རེ་ཚེ་སྐབས་ མནོ་བསམ་བཏངམ་ད་ ལཱ་འདི་ ལཱ་ཁག་རྐྱངམ་ཅིག་མིན་པར་ འདྲོག་སི་སི་ཅིག་ཡང་ཨིནམ་ལས་ འཐུས་ཤོར་ནི་གི་ ཉེན་ཁ་ཡང་ཡོད་རུང་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལས་ དམ་ཚིག་དཔང་ལུ་བཙུགས་ཏེ་ རྩ་འགེངས་དགོ་མི་འདི་ ད་རེས་མ་འབདན་ ནམ་འབད་ནི་ ལྟ་མ་ཕྱི་མི་དྲགས་ག་ བཀལ་སར་བཀལ་འོང་ཟེར་བའི་ འཇིགས་སྣང་མེད་པར་ སྙིང་སྟོབས་བཙུགས་ཏེ་ རྩ་འགེངས་ཕྱག་ཞུ་དོ།
འ་ནི་བཟུམ་གྱི་ ལཱ་འབདཝ་ད་ལུ་ཡང་ དང་པར་དུ་ ཞི་གཡོགཔ་ཚུ་ལུ་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད། ཞི་གཡོགཔ་ཚུ་ འུ་སྡུག་ཐང་ཆད་རུང་ ཞི་གཡོགཔ་ཚུ་གིས་ རྒྱབ་སྐྱོར་ཧྲིལ་བུར་ ཕུལ་མི་དེ་ཡང་ མི་བཏུབ་པས་ ཉམས་འཚེར་བས་ བཀོག་བཞག་ད་ ཕྱག་ཕྱིད་མི་ཞུ་ དྲག་ར་དྲག་པས་ ལྗིད་མི་ཐེག་ འུ་སྡུག་པས་ཟེར་ ག་གི་ཡང་ མི་སླབ་པས།
ཞི་གཡོགཔ་ཚུ་གིས་ཡང་ རྒྱལ་ཁབ་ལུ་ ཤ་ཚ་ འགན་འབག་སྟེ་ ཕྱག་ཞུཝ་ལས་ ང་ལུ་ མི་ཚེ་ཅིག་ནང་ བརྗེད་མ་བཏུབ་པའི་ བཀའ་དྲིན་དགའ་ཚོར་ཡོདཔ་མ་ཚད་ ཌོག་ཊར་བློ་གྲོས་དང་ དཔོན་ཁག་ཚུ་གི་ཡང་ རྒྱབ་སྐྱོར་ཧྲིལ་བུར་ འབད་མི་འདི་ལུ་ཡང་ བཀའ་དྲིན་དགའ་ཚོར་ཡོད།
ཨྱོན་གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་པའི་སྦས་ཡུལ་ ཕྱག་འཚལ་སའི་རྟེན་ དྲིན་ཅན་གྱི་ཕམ་ ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ དུས་ཨ་རྟག་ར་ བདེ་སྐྱིད་ཀྱི་ ཉིམ་ཤར་བའི་ བཀྲིས་སྨོན་ལམ་ གནང་སྟེ་ཡོདཔ་ཨིན།
བཀྲིས་བདེ་ལེགས།



