ArchiveAboutContact

Month: June 2025

World News

ཨིཛ་རེལ་གྱིས་ གནོད་འཚུབ་བཀག་ཆ་མ་འབད་ཚུན་ ཨི་རཱན་གྱིས་ གྲོས་གླེང་མི་འབད་ནི།

བི་བི་སི། སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ ཨི་རཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་རྡུལ་ཕྲན་ནུས་ཤུགས་ལས་རིམ་སྐོར་ལས་ ཨིཛ་རེལ་གྱིས་ གནོད་འཚུབ་བཀག་ཆ་མ་འབད་ཚུན་ གྲོས་གླེང་འབད་ཐབས་མེད་ཟེར་ཨིན་པས།ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཱཛ་ཨ་རག་ཅི་གིས་ ཇི་ནི་ཝ་ལུ་སྦེ་ ཡུ་རོབ་རྒྱལ་ཁབ་ཁག་གི་ སྲིད་སྐྱོང་འགོ་དཔོན་ཚུ་དང་ ཕྱད་པའི་སྐབས་ལུ་ རྡུལ་ཕྲན་ནུས་ཤུགས་ལས་རིམ་དང་འབྲེལ་ཏེ་ ཡུ་ཨེཛ་དང་གཅིག་ཁར་ སྲིད་འབྲེལ་གྱི་ བརྩོན་ཤུགས་ཚུ་ བསྐྱར་གསོ་འབད་དགོ་པའི་ ནན་སྐུལ་འབད་ནུག།དེ་ཡང་ ཨི་རཱན་གྱིས་ ཨིཛ་རེལ་ལུ་ མི་ཛ་ཡེལ་འཕངས་བའི་ཤུལ་ལས་ ཨིཛ་རེལ་གྱིས་ ཨི་རཱན་གྱི་ རྡུལ་ཕྲན་ནུས་ཤུགས་ཀྱི་གོ་མཚོན་ མི་ཛ་ཡེལ་ཚུ་བཞག་སའི་ མཛོད་ཁང་དང་ མི་ཛ་ཡེལ་འཕངས་སའི་ ས་ཁོངས་ཚུ་ལུ་ གནོད་འཚུབ་བཀལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་གིས་ ཁོང་གི་ རྡུལ་ཕྲན་ནུས་ཤུགས་ལས་རིམ་དེ་ ཞི་བདེའི་དོན་ལུ་ཨིན་རུང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མི་དེ་ རྒྱལ་སྤྱིའི་ཁྲིམས་ལུགས་ལས་ འགལ་བ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

National News

ཐིམ་ཕུ་ཐགས་རིགས་འགྲེམ་སྟོན་ཁང་ནང་སྦེ་ རྒྱལ་སྤྱི་ལུས་སྦྱོང་ཡོ་གའི་ཉིནམ་ བརྩི་སྲུང་འབད་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ ཐིམ་ཕུ་ཐགས་རིགས་འགྲེམ་སྟོན་ཁང་ནང་སྦེ་ རྒྱལ་སྤྱི་ལུས་སྦྱོང་ཡོ་གའི་ཉིནམ་ བརྩི་སྲུང་འབད་ཡོདཔ་ད་ དེ་བསྒང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་ཚུ་དང་ སྤྱི་ཚོགས་འཐུས་མི་ གཞུང་དྲུང་ཆེན་ཚུ་ འབྲུག་བཞུགས་རྒྱ་གཞུང་སྐུ་ཚབ་ རྒྱལ་སྤྱིའི་ལས་ཚོགས་ཁག་གི་ འགོ་འཛིན་ཚུ་ དེ་ལས་ སྲིད་སྐྱོང་མི་སྡེའི་འཐུས་མི་ཚུ་དང་ ལུས་སྦྱོང་ཡོ་ག་ཉམས་ལེན་པ་ཚུ་གིས་ གྲལ་གཏོགས་འབད་ནུག།ཐིམ་ཕུ་ལུ་ རྒྱལ་སྤྱི་ཡོ་གའི་ཉིནམ་ བརྩི་སྲུང་དེ་ཡང་ རྒྱལ་ཡོངས་ཀྱི་གནས་རིམ་ནང་ རྒྱལ་སྤྱི་ཡོ་གའི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ འབྲུག་གཞུང་དང་ རྒྱ་གཞུང་སྐུ་ཚབ་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།ལུས་སྦྱོང་ཡོ་ག་ཟེར་མི་དེ་ དུས་ཡུན་ངེས་མེད་ཀྱི་ སྔ་གོང་ལས་ར་ རྒྱ་གར་རྒྱལ་ཁབ་ནང་ དར་ཁྱབ་ཐོག་ལས་ རྒྱལ་སྤྱིའི་གནས་རིམ་ནང་ ཁྱབ་སྤེལ་སོང་ཡོདཔ་ད་ ལུས་སྦྱོང་ཡོ་ག་གིས་ གཟུགས་ཀྱི་ནུས་རྩལ་དང་ སེམས་ཀྱི་དྭངས་གསལ་ གཟུགས་ཁམས་སྒྲིང་གཞི་དང་ གཟུགས་ཀྱི་སྟོབས་ཤུགས་ཀྱི་ ཁྱད་ཆོས་ཚུ་ དོ་མཉམ་སྦེ་ བཞག་ཚུགས་པའི་སྒོ་ལས་ རང་སོའི་བདེ་ཉམས་ལུ་ ཁེ་ཕན་འབྱུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

Online now: 6 Today: 4113 Total visitors: 6790