ArchiveAboutContact
Special News

སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མཆོད་རྟེན་ ༡༠༨ གསར་བཞེངས་སྐབས་ལུ་གནང་མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསུང་བཤད་བཅུད་བསྡུས།

gyalchi · 1 min read

སྐད་སྒྱུར་ པདྨ་དབང་འདུས།
ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་པའི་ སྦས་ཡུལ་ཅིག་ཨིན། དེ་ཡང་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་གིས་ ང་བཅས་རའི་ རྒྱལ་ཁབ་ནང་ གསང་སྔགས་རྡོ་རྗེ་ཐེག་པའི་ བསྟན་པ་བཙུགས་གནང་ཡོདཔ་ད་ དུས་དེ་ལས་ཚུར་ དུས་རབས་ ༡༢ ལྷགཔ་ཅིག་གི་རིང་ལུ་ མི་རབས་ལས་མི་རབས་ཀྱི་བར་ན་ ང་བཅས་ཀྱིས་ བསྟན་པ་འདི་ བདག་འཛིན་འཐབ་སྟེ་ཡོད། དེ་གི་ནང་ལས་ ག་བ་ཡང་ལྷགཔ་སྦེ་ བསྟན་པ་འདི་གིས་ ང་བཅས་རའི་ རྒྱལ་ཁབ་དང་ མི་སེར་གྱི་ ལམ་ལུགས་ཚུ་ དེ་གིས་སྦེ་ སྒྱུར་ཡོདཔ་ཨིན།
འབྲུག་རྒྱལ་ཁབ་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ གཞི་བཙུགས་གནང་པའི་ རྒྱལ་ཁབ་ཅིག་ཨིན། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ འབྲུག་གི་རང་དབང་དང་ གཞུང་སྐྱོང་ འབྲུག་པ་ཟེར་བའི་ ངོ་རྟགས་ཚུ་དང་བཅསཔ་སྦེ་ ཆོས་སྲིད་གཉིས་ལྡན་གྱི་ རྒྱལ་ཁབ་སྦེ་ གཞི་བཙུགས་གནང་ཡི། དེ་ཚུ་ག་ར་ འབྲུག་གིས་ འཛམ་གླིང་ནང་ རང་གི་ས་གོ་བཟུང་སྟེ་ རང་གི་འཚོ་བ་སྐྱོང་ཐངས་དང་ སྔར་ཁྱུན་ལམ་སྲོལ་ཚུ་ ཉམས་སྲུང་འབད་དེ་ འབྲུག་མི་རེ་རེ་བཞིན་གྱི་ སྡོད་ས་སྦེ་ བཟོ་གནང་ཡི།
འབྲུག་རྒྱལ་ཁབ་འདི་ སྔོན་བྱོན་རྒྱལ་བ་གོངམ་དང་ དྲིན་ཅན་གྱི་ ཕམ་ཚུ་གིས་ མི་རབས་ལས་མི་རབས་ཀྱི་བར་ན་ དུས་དང་བསྟུན་ཏེ་ ཕྱག་ལཱ་ཚུ་མཛད་དེ་ ཁྱད་དུ་འཕགས་པའི་ བརྩི་མཐོང་ཐོག་ལས་ སྣ་ཁྲིད་མཛད་ཡོདཔ་ད་ དེ་གི་ནང་ལས་ཡང་ ང་བཅས་རའི་ རྒྱལཔོ་ཚུ་གི་ནང་ལས་ དམིགས་བསལ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་དང་ ང་བཅས་རའི་མི་སེར་ ང་བཅས་རའི་ ཕམ་ཚུ་གིས་ ཨ་ལོ་ཚུ་ མཛེས་ཆ་དང་ལྡན་པའི་ རྒྱལ་ཁབ་ནང་ ཡིད་ཆེས་དང་ དཔའ་ཉམས་ཐོག་ལུ་ འཚོ་བ་སྐྱོང་ནི་ཡོད་པའི་ རེ་བ་ཧྲིལ་བུ་བསྐྱེད་དེ་ འུ་སྡུག་ཐང་ཆད་ཐོག་ལས་ ཕྱག་ལཱ་ཚུ་ མཛད་ཡོདཔ་ཨིན།
ད་རེས་ གུ་རུ་རིན་པོ་ཆེ་གི་ ཐུགས་རྗེ་བྱིན་རླབས་དང་ ཞབས་དྲུང་གི་ཐུགས་སྨོན་ ང་བཅས་རའི་ ཕམ་ཚུ་གི་ བརྩོན་ཤུགས་ཚུ་གི་ གྲུབ་འབྲས་དེ་ ཁྱད་དུ་འཕགས་པའི་སྒོ་ལས་ ང་བཅས་རའི་ གདོང་ཁར་ཡོད། ང་གིས་ མཆོད་རྟེན་ ༡༠༨ ཀྱི་སྐོར་ལས་སླབ་མིན།
མ་གཞི་ མཆོད་རྟེན་ ༡༠༨ བཞེངས་ནི་དེ་ ཡ་མཚན་ཆེ་བའི་ གྲུབ་འབྲས་ཅིག་ཨིན་རུང་ གྲུབ་འབྲས་ངོ་མ་དེ་ བྱིན་རླབས་དང་ སྨོན་ལམ་ བརྩོན་ཤུགས་ཚུ་ ང་བཅས་རའི་ འབྲུག་པའི་མི་སེར་ཚུ་གི་ རྒྱུད་ལུ་ཡོད་མི་འདི་ཨིན་པའི་ཁར་ ང་བཅས་རའི་ བརྩི་མཐོང་དང་ སྤྱོད་པ་བཟང་པོ་ ཞབས་ཏོག་ཞུ་ནི་ལུ་དགའ་སྤྲོ་ ང་བཅས་ཀྱིས་ གཅིག་གིས་གཅིག་ལུ་ བྱམས་སྙིང་བསྐྱེད་མི་དང་ རྒྱལ་ཁམས་ཀྱི་དོན་ལུ་ བརྩེ་གདུང་ཡོད་མི་ དེ་ལས་ འབྲུག་རྒྱལ་ཁབ་དང་ ང་བཅས་རའི་ མ་འོངས་པའི་དོན་ལུ་ ཁྱད་པར་བཟོ་ཐབས་ལུ་ མི་རབས་མ་འདྲ་བའི་ མི་སེར་ཆེ་འབྲིང་ཆུང་གསུམ་ག་ར་ རང་སོའི་བློ་འདོད་ཐོག་ལས་ གཅིག་ཁར་འཛོམས་མི་དེ་ཨིན།
འ་ནི་དེ་ འབྲུག་མི་ཚུ་གི་ སེམས་ཤུགས་ཨིནམ་ད་ དེ་ཡང་ ང་གིས་འབད་བ་ཅིན་ ད་རེས་ཀྱི་ གྲུབ་འབྲས་སྦོམ་ཤོས་འབདཝ་ལས་ དཔའ་ཉམས་ཀྱི་སྒོ་ལས་ སེམས་ཁར་བཞག་དགོཔ་ཨིན།
ད་རིས་ དུས་བཟང་ཁྱད་པར་ཅན་གྱི་ ལྷ་འབབ་དུས་ཆེན་གྱི་ཉིན་མར་ མཆོད་རྟེན་ཚུ་ལུ་ རབ་གནས་མཛདཔ་ད་ སྨོན་ལམ་བཏབ་ནི་གི་ དུས་སྐབས་ཅིག་ཨིནམ་ལས་ ང་རའི་སྨོན་ལམ་འདི་ ངབཅས་ཆ་ཁྱབ་ དུས་ནམ་ཡང་ འགྱུར་བ་མེད་པའི་ སྨོན་ལམ་ཡོད།
དེ་ཡང་ གཅིག་སྒྲིལ་དང་ དད་དམ་ བྱམས་བརྩེ་ དེ་ལས་ དོན་དག་ཤོ་གཅིག་གི་སྒོ་ལས་ མི་སེར་ག་ར་མཉམ་གཅིག་སྦེ་ སྤུངས་འཛོམས་འབད་མི་དང་ མཐུན་འབྲེལ་གྱི་ བྱིན་རླབས་དེ་ སྒྲིང་སྒྲིང་དང་ ནུས་ཅན་ དགའ་ཉམས་ཅན་སྦེ་ དུས་རྒྱུན་ཡར་འཕེལ་གྱི་ངང་ལུ་གནས་པའི་ སྨོན་ལམ་ཡོད། ང་བཅས་ར་ ག་ཨིམ་སྦེ་ར་གནས་པ་ཅིན་ ང་བཅས་ཀྱིས་ གདོང་ལན་འབད་མ་ཚུགསཔ་ ག་ནི་ཡང་མེད།
རང་བཞིན་རྐྱེན་ངན་རེ་ འཐོན་འོང་མི་ལུ་ཡང་ གདོང་ལན་གཅིག་ཁར་འབད་དེ་ སྔར་བ་ལྷག་སྟེ་ སྒྲིང་སྒྲིང་བཟོ་ཚུགས། དཔལ་འབྱོར་གྱི་ དཀའ་ངལ་རེ་ཐོན་འོང་། དེ་གི་སྐབས་ལུ་ཡང་ ལམ་འཚོལ་ཏེ་ ཧེ་མ་བ་ལྷགཔ་སྦེ་ ཤེས་རབ་དང་ ནུས་རྩལ་ཡོདཔ་བཟོ་ཚུགས། འཛམ་གླིང་ནང་ ངེས་པ་མེད་པའི་ གནས་སྟངས་དང་ ནད་ཡམས་རེ་ ལོག་འཐོན་པ་ཅིན་ དེ་ཚུ་ལུ་ཡང་ ང་བཅས་ཀྱིས་ གདོང་ལན་ཚུ་འབད་དེ་ སྔར་བ་ལྷགཔ་སྦེ་ ལེགས་ཤོམ་འགྱོ་ཚུགས།
དེ་བཟུམ་སྦེ་ ག་ཅི་ར་འཐོན་རུང་ ང་བཅས་རའི་ འབྲུག་མི་གི་ ཁྱད་ཆོས་ལུ་ གནོད་མི་ཚུགས། ང་བཅས་ཀྱིས་ ལཱ་ག་ཅི་ར་ འགོ་བརྩམས་རུང་ ང་བཅས་རའི་ ཁྱད་ཆོས་བཟང་པོ་ བདག་འཛིན་འཐབ་སྟེ་ མ་འགྱུར་བ་ར་གནས་པ་ཅིན་ དེ་ཚུ་འགྲུབ་ཚུགས། འ་ནི་འདི་ ངེ་གི་སྨོན་ལམ་ཨིན།
ད་རིས་ཀྱི་ཉིནམ་ བྱིན་གྱིས་བརླབས་གནང་མི་ ནང་པའི་ཆོས་ལུགས་ཀྱི་ ལྟ་བ་མ་འདྲཝ་འཛིན་མི་ བླམ་དང་བླ་ཆེན་ཚུ་དང་ ད་རིས་ཀྱི་ཉིནམ་ མཐར་འཁྱོལ་ཅན་བཟོ་མི་ གཏོང་ཕོད་ཅན་གྱི་ སྦྱིན་བདག་ཚུ་དང་ གྲོགས་རམ་འབད་མི་ཚུ་ རྒྱབ་སྐྱོར་འབད་མི་དང་ ལེགས་སྨོན་ཕུལ་མི་ཚུ་ དེ་ལས་ འཛམ་གླིང་མཐའ་དབུས་མེད་པའི་ནང་ལས་ དགེ་ལེགས་ཕུག་ལུ་འོང་མི་ ཆ་རོགས་ཚུ་དང་ འཛམ་གླིང་དང་གཅིག་ཁར་ ད་རིས་ཀྱི་ ཉིནམ་གི་སྐོར་ལས་ བརྡ་དོན་བརྗེ་སོར་འབད་མི་ གནས་ཚུལ་ཁང་ཚུ་ལུ་ཡང་ བཀྲིན་ཆེ་ཟེར་ སླབ་ནི་ཨིན།
མཐའ་ཡས་ལེན་གྱི་ བློན་ཆེན་ཨ་ནུ་ཊིན་ ནཱ་ལུ་ཡོད་མི་དེ་ ཧིང་ལས་ར་ སྐལ་བ་བཟང་ཡི། ཁོ་ འབྲུག་ལུ་ འོང་མི་འདི་ལུ་ བཀའ་དྲིན་དགའ་ཚོར་ཡོད། ང་བཅས་རའི་ ནང་པའི་ཆོས་ལྡན་གྱི་ རྒྱལ་ཁབ་གཉིས་ཀྱི་བར་ན་ཡོད་པའི་ མཐུན་ལམ་འདི་ སེམས་ཁ་ལས་ བརྗེད་མ་ཚུགསཔ་ཅིག་ཨིན། བློན་ཆེན་བརྒྱུད་དེ་ མཐའ་ཡས་ལེན་གྱི་རྒྱལཔོ་དང་ མི་སེར་ཚུ་ལུ་ ང་རའི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་ཡོད།
དེ་བཟུམ་སྦེ་ རྒྱ་གར་རྒྱལ་ཁབ་ཀྱི་ ཡུ་ནི་ཡཱན་བློན་པོ་ ཤྲཱི་ཀི་རེན་རི་ཇུ་ ནཱ་ལྷོད་དེ་ཡོད་མི་དེ་ཡང་ སྐལ་བ་བཟང་ཡི། བློན་ཆེན་མོ་དི་དང་ རྒྱ་གར་གཞུང་གིས་ འབྲུག་རྒྱལ་ཁབ་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ རྒྱབ་སྐྱོར་སྦོམ་འབད་དེ་ཡོད། ཡུ་ནི་ཡཱན་ བློན་པོ་བརྒྱུད་དེ་ རྒྱ་གར་གྱི་ བློན་ཆེན་དང་ གཞུང་ མི་སེར་ཚུ་ལུ་ཡང་ སེམས་ཀྱི་གདིང་ལས་ར་ བཀྲིན་དགའ་ཚོར་ཡོད།
ད་རིས་ ཁྱེད་ཀྱིས་མཐོང་མི་དེ་ ང་བཅས་ར་ ག་ཨིན་ན་གི་ བརྡ་སྟོནམ་ཨིན། དེ་ཡང་ རྒྱལ་ཁམས་ཆུང་ཅིག་ལུ་ སྟོབས་ཤུགས་དེ་ མི་སེར་དང་ བརྩི་མཐོང་ ཡིད་ཆེས་ཚུ་ནང་ཡོདཔ་ཨིན། ད་རིས་ ཁྱེད་ ནཱ་འཛོམས་མི་དེ་ ལྟདམོ་བལྟ་བར་རྐྱངམ་ཅིག་མིན་པར་ ནཱ་འོང་སྟེ་ རྒྱབ་སྐྱོར་ཚུ་འབད་དེ་ ཁྱེད་ར་ཡང་ ད་རིས་ཀྱི་ གཏམ་རྒྱུས་ཀྱི་ ཆ་ཤས་ལུ་གྱུརཝ་ཨིན། འབྲུག་རྒྱལ་ཁབ་འདི་ བར་ན་རྩིགཔ་རྐྱབ་ནི་མིན་པར་ མཐུན་ལམ་ལུ་བརྟེན་ཏེ་ ཡར་རྒྱས་སོང་སོངམ་ཨིན།
ཁྱེད་ཀྱིས་ དགེ་ལེགས་ཕུག་ལུ་ ཡིད་ཆེས་ཡོད་མི་དེ་ རྒྱལ་ཁབ་ལུ་ ཡིད་ཆེས་ཨིན། ནཱ་དགེ་ལེགས་ཕུག་ལུ་ ང་བཅས་རའི་ མི་སེར་དང་ ང་བཅས་རའི་ཨ་ལོ་ མ་འོངས་པའི་ འབྲུག་གི་དོན་ལུ་ ཁྱད་ཆོས་ཅན་གྱི་ བཟོ་བསྐྲུན་ཅིག་འབདཝ་ཨིན། ང་བཅས་ཀྱི་ བཟོ་བསྐྲུན་འབད་མི་དེ་གིས་ ང་བཅས་རྐྱངམ་གཅིག་ལུ་ ཁེ་ཕན་ཐོབ་ནི་མིན་པར་ དུས་སྐབས་ཅིག་ནང་ འཛམ་བུ་གླིང་ཡོངས་ལུ་ཁྱབ་པའི་ སྨོན་ལམ་ཡོད།
བཀའ་དྲིན་ཆེ། བཀྲིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

Related

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་འདི་ མཐར་འཁྱོལ་ཅན་སྦེ་བསྒྲུབས་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ མེ་རྟ་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་དང་འབྲེལ་ བྱང་ཆུབ་མཆོད་རྟེན་ ༡༠༨ ཉིནམ་གཅིག་ལུ་ གསར་བཞེངས་མཛད་གནང་ནི་གི་ དགོངས་བཞེད་ཟབ་མོ་འདི་ མཐར་འཁྱོལ་ཅན་སྦེ་ བསྒྲུབས་གནང་ཡི།   དེ་ཡང་ དགེ་ལེགས་ཕུག་ མའུ་གཙང་ཆུའི་ མཐའམ་བདའ་སྟེ་ རང་ཟླ་ ༩ པའི་ཚེས་ ༢༢ ལུ་ དྲོ་པའི་ཆུ་ཚོད་ ༣ ལས་ འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་ ༡༢ ལུ་ བྱང་ཆུབ་མཆོད་རྟེན་ ༡༠༨ པོ་ག་ར་ དུས་ཡུན་ཆུ་ཚོད་ ༩ གི་ ནང་འཁོད་ལུ་ ལེགས་ཤོམ་སྦེ་ བསྒྲུབས་གནང་མི་འདི་ སྔོན་ཆད་རྩ་ལས་ར་ བྱུང་མ་མྱོང་པའི་ ཡ་མཚན་ཅན་གྱི་ རྫུ་འཕྲུལ་བཟུམ་ཅིག་ཨིན་པས། དེ་བཟུམ་མའི་ བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་གནས་སར་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་དབང་ཀརྨ་པ་མཆོག་དང་ མཇལ་ཕྲད་མཛད་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ རྒྱལ་དབང་ཀརྨ་པ་ ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་དང་ མཇལ་ཕྲད་མཛད་གནང་ནུག། དེ་ཡང་ འཛམ་གླིང་རྒྱལ་ཁབ་ ༡༨ ལྷགཔ་ཅིག་ལས་ ནང་པའི་ཆོས་ལུགས་མ་འདྲཝ་ཚུ་གི་ བླ་སློབ་ ༡༠༠ ལྷགཔ་ཅིག་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་ འབྱུང་རབས་ཅན་གྱི་ དུས་སྟོན་ནང་ བྱོན་ཡོད་པའི་ གནས་ཚུལ་མདོར་བསྡུསས། Share Facebook Messenger WhatsApp Telegram X Copy link Print More

gyalchi
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༡༨ འཁོར་བའི་དུས་སྟོན།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༡༨ འཁོར་བའི་ དུས་སྟོན་ཁྱད་པར་ཅན་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཞབས་དྲུང་མ་ཆེན་རིན་པོ་ཆེའི་ སྐུ་མདུན་ལས་ དར་མཛོད་སྣེ་ལྔ་ བཞེས་པའི་ཤུལ་ལུ་ ཆིབས་གྲལ་བཙར་ཏེ་ སྤུངས་ཐིམ་དགེ་འདུན་འདུས་པའི་ ཀུན་དགའ་རྭ་བའི་ནང་ གདན་འདྲེན་ཞུ་ནུག། དེ་སྦེ་ ཀུན་རྭའི་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ ཕུལ་གནང་སྟེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱས་ཤིང་རྒྱསཔ་སྦེ་ མཛད་གནང་ཡོདཔ་ཨིན་པས། དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་དང་ དགེ་འདུན་འདུས་པའི་ ཀུན་རྭའི་ནང་སྦེ་ […]

gyalchi
Online now: 11 Today: 1153 Total visitors: 58295
22,139Facebook followers
+2Today
+40This month