སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ འཚོགས་གནང་ནི་ཨིན་མི་ སྤྱི་ཚོགས་གསུམ་པའི་ འབྲུག༌རྒྱལ༌ཡོངས༌ཚོགས༌འདུ་ ཚོགས་ཐེངས་ ༩ པའི་ནང་ བང་ལ་དེཤ་གཞུང་དང་ འབྲུག་གཞུང་གི་བར་ན་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་ གན་རྒྱ་གུ་ གསུང་གྲོས་གནང་ནི་ཨིནམ་མ་ཚད་ བེང་གྷལ་མཚོ་ཁུག་གི་ འཕྲུལ་རིག་དང་ དཔལ་འབྱོར་མཉམ་འབྲེལ་ཐབས་རིག་གི་ བཀའ་ཁྲིམས་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
དེ་བཟུམ་སྦེ་ འབུམ་སྡེ་གླིང་ རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ སག་སྟེང་རི་དྭགས་སྲུང་སྐྱོབ་ ༢ ཀྱི་བར་ན་ སྐྱེས་ལྡན་མཐུད་སྦྲེལ་འབད་ཐབས་ལུ་ སྐྱེ་ལྡན་བར་ལམ་གསརཔ་ཅིག་ གསལ་སྟོན་དང་། རྒྱལ་ཡོངས་ཨང་གནས་ཅན་ ངོ་རྟགས་ཀྱི་ དཔྱད་ཡིག་ ༢༠༡༣ ཅན་མ། དབང་པོ་སྐྱོན་ཅན་ཚུ་གི་ དབང་ཆའི་རྒྱལ་སྤྱིའི་ཁས་ལེན་ཆིངས་ཡིག། རྒྱལ་ཡོངས་ལོ་ལྟར་འཆར་དངུལ་སྙན་ཞུ་དང་ རྩིས་ལོ་ ༢༠༢༣ -༢༠༢༤ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ དེ་ལས་ རྩིས་ལོ་ ༢༠༢༢ -༢༠༢༣ ཅན་མ། འབྲུག་གི་ཁྲལ་གྱི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༣ ཅན་མ་དང་། འབྲུག་གི་དངུལ་ཕོགས་ བསྐྱར་བཟོའི་དཔྱད་ཡིག་ ༢༠༢༣ ཅན་མ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་ལྟར་སྙན་ཞུའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་དང་། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་ལྟར་སྙན་ཞུའི་ གྲོས་ཆོད་དང་ལེན་གྱི་སྙན་ཞུ། ས་གནས་གཞུང་ཚུ་ལུ་ ལམ་ཉམས་བཅོས་ཀྱི་དོན་ལས་ གནང་སྦྱིན་གྱི་ མ་དངུལ་ལངམ་སྦེ་ བྱིན་དགོ་པའི་ གྲོས་དོན་གྱི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གི་ བསྐྱར་ཞིབ་སྙན་ཞུ་དང། ལོ་ལྟར་རྩིས་ཞིབ་སྙན་ཞུ་ ༢༠༢༡ -༢༠༢༢། འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་དཔྱད་ཡིག་ ༢༠༢༡ ཅན་མའི་གུ་ ཁོན་མ་འཆམ་པའི་དོན་ཚན། འབྲུག་གི་ནགས་ཚལ་དང་ རང་བཞིན་ཉམས་སྲུང་དཔྱད་ཡིག་ ༢༠༢༡ ཅན་མའི་གུ་ ཚོགས་ཁང་ཕན་ཚུན་གྱི་བར་ན་ ཁོན་མ་འཆམ་པའི་ དོན་ཚན་ ༣༠ ཡོད་མི་གུ་ སྤྱི་ཚོགས་ཀྱི་ མཉམ་འབྲེལ་ཚོགས་ཆུང་ གཞི་བཙུགས་འབད་ཡོད་མི་དེ་གིས་
ཁོན་མ་འཆམ་པའི་ དོན་ཚན་ཚུ་གུ་ བསྐྱར་ཞིབ་འབད་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ སྙན་ཞུ་ཕུལ་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་ཞི་བའི་ཉེས་འཁྲིའི་དཔྱད་ཡིག་ ༢༠༢༢ ཅན་མར་ ཁོན་མ་འཆམ་པའི་ དོན་ཚན་དང་ འབྲུག་གི་ཞི་བའི་ཉེས་འཁྲིའི་དཔྱད་ཡིག་ ༢༠༢༢ ཅན་མར་ ཚོགས་ཁང་ཕན་ཚུན་ ༢ ཀྱི་བར་ན་ ཞལ་མ་འཆམ་པའི་ དོན་ཚན་ ༨༡ ཡོད་མི་གུ་ སྤྱི་ཚོགས་ཀྱི་ མཉམ་འབྲེལ་ཚོགས་ཆུང་ གཞི་བཙུགས་འབད་ཡོད་མི་དེ་གིས་ བསྐྱར་ཞིབ་འབད་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ སྙན་ཞུ་ཕུལ་ནི་ཨིན་པས།
ཚོགས་ཞུགས་སྐབས་ལུ་ གྲོས་དོན་གུ་ གསུང་གྲོས་གནང་ནི་དང་ རེས་གཟའ་ལྷག་པ་དང་ སྤེནམ་ ༢ ལུ་ ཨ་རྟག་ར་ དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་པས།
སྔོན་འགྲོའི་ཞལ་འཛོམས་ནང་ ཧཱ་རྫོང་ཁག་ལས་ ལྷོད་ཡོད་མི་ ས་གནས་གཞུང་གི་ ཞུ་ཡིག་ཁག་ ༢ གུ ་ གསུང་གྲོས་གནང་ཡོད་མི་དེ་ཡང་ ཧེ་མར་ མི་ལམ་ཐོབ་སྲོལ་ཡོད་མི་དེ་ནང་ ད་རེས་ འཕྲུལ་གླང་གི་ལམ་ ཐོབ་ལམ་མེད་པའི་སྐོར་དང་། སོ་ནམ་གྱི་ འཕྲུལ་གླང་འདི་ སྔར་ག་ཨིནམ་སྦེ་ རང་སོའི་སྤྱི་འོག་ནང་ བཞག་ཆོག་ནི་དང་ འཕྲུལ་གླང་གི་ གླ་ཆའི་ཚད་གཞི་ཡང་ རན་ཏོག་ཏོ་ བཟོ་གནང་དགོ་པའི་ ཞུ་ཡིག་གཉིས་ཆ་ར་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ཏེ་ དང་ལེན་བསྐྱར་ཞིབ་ཀྱི་སྙན་ཞུ་ འཐུས་མི་ཡོངས་ལུ་ ཕུལ་དགོ་པའི་ གྲོས་ཆོད་གྲུབ་གནང་ནུག།
ཚོགས་ཐེངས་ ༩ པའི་ ཚོད་དཔག་གི་ གྲོས་གཞི་འདི་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་འབྲེལ་ཆར་སྒོ་ www.nab.gov.bt ཐོག་ལས་ འཕྲལ་མགྱོགས་ར་ འཐོབ་ཚུགས་ཟེར་ རྒྱལ་ཡོངས་འདུའི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་ཡོད་པའི་གནས་ཚུལ།


