ArchiveAboutContact
National News

རྒྱལ་ཡོངས་ཚོགས་འདུའི་ གྲོས་ཆོད་ཚུ་གུ་ དང་ལེན་སྙན་ཞུ།

· 1 min read

རྒྱལ་ཡོངས་ཚོགས་འདུའི་ནང་ འཐུས་མི་ཚུ་དང་ ས་གནས་གཞུང་ལས་ ཞུ་ཡིག་ཕུལ་མི་ཚུ་ལུ་ གསུང་གྲོས་གནང་པའི་ཤུལ་ལས་ ཧེ་མའི་ཚོགས་ཐེངས་ཚུ་ནང་ གྲོས་ཆོད་བཏོན་གནང་མི་ཚུ་གི་ཐོག་ལུ་ འབྲེལ་ཡོད་ལྷན་ཁག་ཚུ་གིས་ དང་ལེན་སྙན་ཞུ་ཚུ་ཕུལ་ནུག།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ ནང་སྲིད་བློན་པོ་དང་ དངུལ་རྩིས་བློན་པོ་གིས་ བྱ་ངན་སྔོན་འགོག་དང་ རྒྱུ་དངོས་ཁྲལ་གྱི་ བརྩི་མཐོང་དང་འབྲེལ་བའི་ དང་ལེན་སྙན་ཞུ་ཚུ་ གོ་རིམ་བཞིན་དུ་སྦེ་ ཕུལ་ཡོདཔ་ཨིན་པས།
དེ་སྦེ་ སྙན་ཞུ་ཕུལ་མི་ཚུ་ནང་ མི་མང་ཉེན་སྲུང་གི་ ཚ་གྱང་ཚུ་ལུ་ ཐབས་བྱུས་དང་ལེན་ཚུ་ བཀོད་ཡོདཔ་མ་ཚད་ རྒྱུ་དངོས་ཁྲལ་གྱི་ བཅའ་ཁྲིམས་ ༢༠༢༢ ཅན་མའི་འོག་ལུ་ སོ་ནམ་ས་ཆ་དང་འབྲེལ་བའི་ གནད་དོན་ཚུ་ནང་ ཁྱད་པར་ཞུགས་ཡོད་མི་ཚུ་ཡང་ བསལ་ཐབས་ལུ་ བཅའ་ཁྲིམས་འདི་ འཕྲི་སྣོན་འབད་དགོ་པའི་ གྲོས་འཆར་ཕུལ་ནུག།
མི་སྡེ་ཉེན་སྲུང་གི་དོན་ལས་ བྱ་ངན་སྔོན་འགོག་དང་ མར་ཕབ་བསྐྱར་ཞིབ།
ནང་སྲིད་བློན་པོ་གིས་ འབྲུག་རྒྱལ་ཁབ་འདི་ མི་སྡེ་ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དོན་ལས་ བྱ་ངན་བཀག་ཐབས་དང་ མར་ཕབ་འབད་ནི་ལུ་ དམིགས་གཏད་བསྐྱེད་ མི་ གྲོས་ཆོད་གུ་ དང་ལེན་སྙན་ཞུ་ཚུ་ ཕུལ་ཡོདཔ་ཨིན་པས།
དེ་སྦེ་ དང་ལེན་སྙན་ཞུ་ཚུ་ ཕུལ་བའི་སྐབས་ལུ་ ནང་སྲིད་ལྷན་ཁག་གི་ ཁ་ཐུག་ལས་ མི་མང་གི་ ཚ་གྱང་ཡར་སེང་འགྱོ་མི་ཚུ་ བསལ་ཐབས་ལུ་ ཐབས་ལམ་ལེ་ཤ་ཅིག་ འགོ་འདྲེན་འཐབ་སྟེ་ཡོད་ལུགས་ཚུ་ཞུ་ནུག།
དེ་ཡང་ ཁྲོམ་སྡེ་གཙོ་བོ་ཚུ་ནང་ གློག་ཐུང་རྒྱང་མཐོང་ ༨༦༠ ལྷགཔ་ཅིག་ བཙུགས་ནི་དང་ རྫོང་ཁག་ ༢༠ ག་རའི་ནང་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཐོག་ལས་ སྲིད་བྱུས་ཚུ སྒྲིང་སྒྲིང་བཟོ་ནི་ཨིནམ་སྦེ་ ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ བྱ་ངན་བཀག་ཐབས་ལུ་ ཐབས་ལམ་བརྟག་དཔྱད་ཀྱི་དོན་ལས་ རྒེད་འོག་དགའ་སྡེ་ཟེར་མི་ ལས་རིམ་དང་ ཨ་ལུ་ཉེན་སྲུང་ཚོགས་ཆུང་ཚུ་ གཞི་བཙུགས་འབད་དེ་ གདམ་འཐུ་འབད་མི་ རྒེད་འོག་ཚུ་ནང་ མོ་བཏབ་ལས་རིམ་ཚུ་ཡང་ འགོ་བཙུགས་ཡོདཔ་སྦེ་ཞུ་ནུག།
བྱ་ངན་བཀག་ཐབས་ལུ་ རྒྱབ་སྐྱོར་གྱི་དོན་ལས་ བཙོན་པ་ཚུ་ལུ་ ལག་རྩལ་སྦྱོང་བརྡར་དང་ སེམས་ཁམས་གསོ་བའི་ཞབས་ཏོག་ རྒྱ་སྐྱེད་འབད་ནི་ དེ་ལས་ ཨ་ལུ་དང་ རྩུབ་སྤྱོད་ཀྱི་ གནད་དོན་ཚུ་ལས་ ཐོན་མི་ཚུ་ལུ་ རྒྱབ་སྐྱོར་ཡར་དྲག་གཏང་ནི་གི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
ཨིན་རུང་ ལྷན་ཁག་གིས་ མི་སྟོབས་དང་ འཕྲུལ་རིག་ཐོན་ཁུངས་ དེ་ལས་ བསྟར་སྤྱོད་ཀྱི་ ལྕོགས་གྲུབ་ཚུ་ ཚད་འཛིན་འབད་དེ་ཡོད་མི་དང་འབྲེལ་བའི་ གདོང་ལེན་ཚུ་ ངོས་ལེན་འབད་དེ་ཡོདཔ་ད་ དེ་ཡང་ དམིགས་བསལ་གྱིས་ ཆང་བཙོང་ནི་དང་ ཨང་གནས་ཅན་གྱི་ ཐབས་ལམ་ཚུ་ ལྟ་རྟོག་འབད་ནི་ཚུ་ཨིན་པའི་སྐོར་ལས་ གསལ་བཤད་ཞུ་ནུག།
དེ་བཟུམ་སྦེ་ ལྷན་ཁག་གིས་ ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་དང་ གནས་སྡུད་ བརྗེ་སོར་འབད་ནི་ དེ་ལས་ ཨང་གནས་ཅན་གྱི་ ཉེན་སྲུང་དང་ མི་སྡེའི་གཞི་རྩ་གཙོ་བོ་ བྱ་ངན་སྔོན་འགོག་གི་ ཐབས་བྱུས་ཚུ་ གཙུག་སྡེ་ཚུ་ནང་ བཙུགས་ནི་དང་ ས་གནས་གཞུང་གི་ འགན་ཁུར་ཚུ་ རྒྱ་སྐྱེད་བཏང་ནི་གིས་མ་ཚད་པར་ དམིགས་གཏད་ཅན་གྱི་ སྦྱོང་བརྡར་ཚུ་བརྒྱུད་དེ་ གཙུག་སྡེའི་ལྕོགས་གྲུབ་ཚུ་ཡང་ ཡར་དྲག་གཏང་ནི་དང་ ན་གཞོན་ཚུ་ལུ་ བྱ་ངན་གྱི་ གནད་དོན་ཚུ་ བསལ་ཐབས་ལུ་ བར་འཛུལ་འབད་དགོ་པའི་ གྲོས་འཆར་ཡང་ ཕུལ་ཡོདཔ་ཨིན་པས།
དེ་སྦེ་ གསུང་གྲོས་ཚུ་ གནང་པའི་ཤུལ་ལས་ འཐུས་མི་ཚུ་གིས་ རྒྱལ་ཡོངས་ཆང་གི་ སྲིད་བྱུས་ཡོངས་རྫོགས་ཅིག་ འཕྲལ་མགྱོགས་ར་ བཟོ་དགོཔ་སྦེ་ ཞུ་ཡོདཔ་ད་ དེ་ཡང་ ན་གཞོན་ཚུ་གི་ ནང་འཁོད་ལུ་ ཆང་དང་ སྨྱོ་རྫས་ལོག་སྤྱོད་དང་ རྩུབ་སྤྱོད་དང་ བྱ་ངན་གྱི་ གནད་དོན་ཚུ་ ཡར་སེང་འགྱོ་ནི་དེ་གིས་ཨིནམ་སྦེ་ཞུ་ནུག།
དེ་ལས་ རྫོང་ཁག་ག་རའི་ནང་ ཞབས་ཏོག་ཚུ་ ཡར་དྲག་གཏང་དགོཔ་དང་ ཁྲིམས་དང་མ་འཁྲིལ་བའི་ གནད་དོན་ཚུ་གི་དོན་ལུ་ ད་ལྟོ་ཡོད་མི་ དྲོད་གྱང་གི་ དུས་ཡུན་དེ་ བསྐྱར་ཞིབ་འབད་དགོཔ་ གལ་ཆེ་བའི་སྐོར་ལས་ཡང་ ཞུ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ འཕྲོ་མཐུད་དེ་ར་ གྲོས་བསྡུར་འབད་དགོཔ་སྦེ་ ཞུ་བ་འབད་ཡོདཔ་མ་ཚད་ ཨམ་སྲུ་དང་ ཨ་ལུ་ ན་གཞོན་ཚོགས་ཆུང་གིས་ གནད་དོན་དེ་གུ་ བསྐྱར་ཞིབ་མཐིལ་ཕྱིན་འབད་དེ་ ཤུལ་མའི་ཚོགས་ཐེངས་ནང་ སྙན་ཞུ་ཕུལ་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་མ་ཚད་ ཁྲིམས་བཟོ་ཚོགས་ཆུང་གིས་ ཧེ་མ་ ནང་སྲིད་ལྷན་ཁག་ལུ་ དྲོད་གྱང་གི་ དུས་ཡུན་གནད་དོན་ཐོག་ལུ་ ཞུ་ཡིག་ཕུལ་ཡོད་རུང་ ལན་གསལ་མ་ཐོབ་པའི་སྐོར་ལས་ ཞུ་བ་ཕུལ་བའི་ཤུལ་ལས་ ནང་སྲིད་ལྷན་ཁག་ལུ་ གནད་དོན་དེ་ བསྐྱར་ཞིབ་འབད་ཞིནམ་ལས་ ཚོགས་ཆུང་ལུ་ རྗེས་འདེད་འབད་དགོ་པའི་ བཀའ་བསྐུལ་ཡང་ གནང་ཡོདཔ་ཨིན་པས།
འབྲུག་གི་རྒྱུ་དངོས་ཁྲལ་གྱི་ དང་ལེན་གྱི་སྙན་ཞུ།
དངུལ་རྩིས་བློན་པོ་གིས་ འདས་པའི་ཚོགས་ཐེངས་ནང་ལས་ གྲོས་ཆོད་གནང་མི་དང་འཁྲིལ་ཏེ་ དང་ལེན་སྙན་ཞུ་ཕུལ་མིའི་ནང་ རྒྱུ་དངོས་ཁྲལ་གྱི་ བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༩ པ་དང་ ༢༠ པ་ ༢ འཕྲི་སྣོན་འབད་དགོ་པའི་ གྲོས་འདེབས་ཕུལ་ནུག།
དེ་ཡང་ ཆུ་ཞིང་དང་ སྐམ་ཞིང་གི་ གནས་གོང་དང་ གྲོང་གསེབ་ ས་ཆའི་དབྱེ་ཁག་རིམ་ལུགས་ དེ་ལས་ སོ་ནམ་ཞིང་ལམ་ནང་ཚུད་མི་ ས་ཆ་ཚུ་ མི་སེར་གྱི་ མིང་ཁྲམ་ནང་ལས་ མ་བཏོག་པར་ བཞག་ཡོད་མི་དང་ གཞུང་གིས་ ས་ཆ་དེ་གུ་ ཁྲལ་བཀལ་མི་ཚུ་ འདྲ་མཉམ་མེད་པའི་ དཀའ་ངལ་ཡོད་མི་ཚུ་ བསལ་གནང་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
ཆུ་ཞིང་དང་ སྐམ་ཞིང་གི་ གནས་གོང་གི་ཐེད་ཁར་ ཆུ་ཞིང་ལུ་ བཟའ་འཐུང་ཉེན་སྲུང་དང་ ལམ་སྲོལ་ཉམས་སྲུང་ནང་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ཁྲལ་གྱི་ཕབ་ཆག་ བརྒྱ་ཆ་ ༩༠ དང་ སྐམ་ཞིང་ལུ་ སོ་ནམ་ཐོན་སྐྱེད་ ཡར་དྲག་གཏང་ནིའི་དོན་ལས་ བརྒྱ་ཆ་ ༥༠ ཕབ་ཆག་གནང་ནུག།
ལྷན་ཁག་གི་ ཁ་ཐུག་ལས་ ཆུ་ཞིང་ལུ་ ས་ཆ་ལག་ལེན་གྱི་ བཀག་ཆ་དམ་དྲགས་འབད་མི་ལུ་ གཞིར་བཞག་སྟེ་ ཁྱད་པར་བཏོན་མི་དེ་གིས་ དྲང་བདེན་དང་ རྣམ་དག་མེད་མི་ལུ་ ཚ་གྱང་ཡོད་མི་ཚུ་ ངོས་ལེན་ཐོག་ལུ་ གྲོས་བསྟུན་འབད་དེ་ བསལ་གནང་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
ས་ཆའི་དབྱེ་ཁག་གི་ཐེད་ཁར་ བློན་པོ་གིས་ གྲོང་གསེབ་ཀྱི་ ས་ཆ་ཚུ་ ཁྲོམ་སྡེའི་ས་མཚམས་ལས་ ཐག་རིང་ཐུང་ལུ་ གཞིར་བཞག་སྟེ་ དབྱེ་ཁག་བཅད་དེ་ཡོདཔ་ལས་ ས་ཆའི་གནས་གོང་གི་ འོས་འབབ་ཚུ་ བལྟ་ནི་གི་ གོ་སྐབས་ཡོད་པའི་ གསལ་བཤད་ཞུ་བའི་གུ་ ཐབས་ལམ་གཞན་མི་ཚུ་ཡང་ ལག་ལེན་འཐབ་མ་བཏུབ་སྦེ་ མཐོང་ཡོད་རུང་ དམིགས་བསལ་གྱི་ཁྱད་པར་ཚུ་ ས་གནས་ཀྱི་ དབང་འཛིན་ཚུ་གིས་ བསྐྱར་ཞིབ་འབད་དེ་ བསལ་ནི་ལུ་ ངོས་ལེན་ཡོདཔ་སྦེ་ཞུ་ནུག།
མི་སྡེའི་དོན་ལུ་ ལག་ལེན་འཐབ་མི་ སྒེར་གྱི་ས་ཆ་ཚུ་གི་ཐེད་ཁར་ བློན་པོ་གིས་ ཁྲལ་གྱི་བརྟག་ཞིབ་ཚུ་ ས་ཆའི་བདག་དབང་གི་ ཐོ་བཀོད་ལུ་ གཞིར་བཞག་སྟེ་ ལག་ལེན་འཐབ་ཡོདཔ་ལས་ ཕན་འདེབས་འབད་མི་ ས་ཆ་ཚུ་ མི་ངོམ་རང་རྐྱང་གི་ ས་ཁྲམ་ནང་ལས་ བཏོན་མ་གཏང་ཚུན་གྱི་བར་ན་ ས་ཁྲལ་ཕོགཔ་སྦེ་ཡོདཔ་ཨིན་རུང་ ལྷན་ཁག་གིས་ ཁྲལ་གྱི་རིམ་ལུགས་ དྲང་བདེན་བཟོ་ཐབས་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ ལཱ་འབད་ནི་ལུ་ གྲ་སྒྲིག་ཡོདཔ་སྦེ་ ཞུ་མི་ལུ་ ངོས་ལེན་ཕུལ་ཡོདཔ་ཨིན་པས།
རྒྱུ་དངོས་ཁྲལ་གྱི་ བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༡༩ པ་དང་ ༢༠ པ་འདི་ འཕྲི་སྣོན་འབད་དགོ་པའི་ ཞུ་བ་ཕུལ་མིའི་ཐེད་ཁར་ ཚོགས་ཁང་ལས་ འབྲུག་གི་སའི་བཅའ་ཁྲིམས་དང་འཁྲིལཝ་ད་ ལོ་ངོ་ ༣ གྱི་ཤུལ་ལས་མ་གཏོགས་ རྒྱུ་དངོས་བརྟག་ཞིབ་དང་ གནས་གོང་བཏོན་མི་ ལས་སྡེ་གིས་ བསྐྱར་ཞིབ་འབད་དགོཔ་སྦེ་ བཀོད་ཡོདཔ་བཞིན་དུ་ ཤུལ་མའི་བསྐྱར་ཞིབ་འདི་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༡ པའི་ནང་ ཕོག་ནི་ཨིནམ་ལས་ ཚོགས་ཁང་གིས་ དངུལ་རྩིས་ལྷན་ཁག་ལུ་ འཐུས་མི་ཚུ་གིས་ ཚོགས་ཁང་ནང་བཀོད་མི་ གནད་དོན་ཚུ་ རྒྱུ་དངོས་བརྟག་ཞིབ་དང་ གནས་གོང་བཏོན་མི་ ལས་སྡེ་གིས་ བསྐྱར་ཞིབ་འབད་ཞིནམ་ལས་ དེ་ལུགས་ཀྱི་ གནས་ཚད་སྙན་ཞུ་ཅིག་ ཤུལ་མའི་ཚོགས་ཐེངས་ ༥ པའི་ནང་ ཕུལ་དགོཔ་སྦེ་ གྲོས་ཐག་བཅད་གནང་ནུག།
དེ་མ་ཚད་ ཚོགས་ཁང་ལས་ དངུལ་རྩིས་ལྷན་ཁག་ལུ་ སོ་ནམ་ཞིང་ལམ་དང་ མི་མངགཞི་རྟེན་མཐུན་རྐྱེན་ཚུ་གི་དོན་ལས་ ལག་ལེན་འཐབ་མི་ སྒེར་གྱི་ས་ཆ་ཚུ་གི་ཐེད་ཁར་ཡང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ ཤུལ་མའི་ཚོགས་ཐེངས་ ༥ པའི་ནང་ དང་ལེན་སྙན་ཞུ་ཕུལ་དགོཔ་སྦེ་ བཀའ་བསྐུལ་གནང་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 11 Today: 50 Total visitors: 7270