ArchiveAboutContact
གཏམ་བརྒྱུད།

རང་ཟླ་དང་པ་ ཆོ་འཕྲུལ་ཟླ་བའི་ དུས་ཆེན་ཁྱད་པར་ཅན་གྱི་ ངོ་སྤྲོད་མདོར་བསྡུས།

gyalchi · 1 min read

མཁན་པོ་དཀར་པོ།
ཐིམ་ཕུ་རྡོར་གདན་གཙུག་ལག་སློབ་གྲྭ།
ལོ་བསྟར་བཞིན་དུ་ རང་ཟླ་དང་པ་ལུ་ ཆོ་འཕྲུལ་ཟླ་བ་ཟེར་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གྲོང་ཁྱེར་གཉན་ཡོད་ལུ་ མུ་སྟེགས་པའི་ སྟོན་པ་ ༦ འཁོར་དགུ་ཁྲི་དང་བཅས་པ་ ཆོ་འཕྲུལ་ཆེན་མོའི་སྒོ་ལས་ བཏུལ་གནང་པའི་ དུས་ཆེན་ཅིག་ཨིན་པས།
དེ་ཡང་ མུ་སྟེགས་པའི་ སྟོན་པ་ ༦ གིས་ རྒྱལཔོ་གཟུགས་ཅན་སྙིང་པོ་ལུ་ ང་བཅས་ཀྱིས་ དགེ་སྦྱོང་གཽ་ཏ་མ་དང་ཅིག་ཁར་ ཆོ་འཕྲུལ་ (རྫུ་འཕྲུལ) འགྲན་ནི་ཨིན་ཟེར་ ཞུཝ་བཞིན་དུ་ རྒྱལཔོ་གཟུགས་ཅན་སྙིང་པོ་ སངས་རྒྱས་ཀྱི་ སྐུ་མདུན་ལུ་བཅར་ཏེ་ དགོངས་སྐོར་ཞུཝ་ད་ སངས་རྒྱས་ཀྱིས་ཡང་ ཞལ་བཞེས་མཛད་དེ་ རྒྱལ་པོའི་ཁབ་ལས་ ཡངས་པ་ཅན་དང་ ཀཽ་ཤམྦི་ ཝཱ་ར་ཎ་སི་ཚུ་ལས་སྦེ་ གཉན་ཡོད་ལུ་བྱོན་ཏེ་ རྒྱལ་བྱེད་ཚལ་ནང་བཞུགས་ནུག།
ཁོང་ མུ་སྟེགས་པའི་ སྟོན་པ་ ༦ ཡང་ སངས་རྒྱས་ཀྱི་ རྟིང་བདའ་འོང་སྟེ་ གཉན་ཡོད་ཀྱི་རྒྱལཔོ་ གསེར་རྒྱལ་ལུ་ཡང་ ཧེ་མ་བཟུམ་སྦེ་ར་ཞུཝ་ལས་ རྒྱལ་པོ་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ སྐུ་འདུན་ལུ་བཅར་ཏེ་ རྫུ་འཕྲུལ་སྟོན་གནང་དགོཔ་སྦེ་ ཞུ་བའི་ཁར་ ཆོ་འཕྲུལ་གྱི་འདུ་ཁང་ ལྷའི་ཁང་བཟང་བཟུམ་ཅིག་ནང་ གསེར་གྱི་སེང་ཁྲི་ བཤམས་ཡོདཔ་བཞིན་དུ་ མུ་སྟེགས་པའི་ དགེ་བསྙེན་ཚུ་གིས་ཡང་ རང་སོའི་འབྱོར་པ་དང་བསྟུན་པའི་ འདུ་ཁང་ ༦ དང་ གདན་ཁྲི་ ༦ བཤམས་ཡོདཔ་ཨིན་པས།
དེ་ལས་ རང་ཟླ་དང་པའི་ཚེས་ ༡ གི་དྲོ་པར་ མུ་སྟེགས་པའི་ སྟོན་པ་ ༦ དང་ ཆོ་འཕྲུལ་ཆེན་པོ་ མཇལ་ནིའི་དོན་ལས་ ལྷ་མི་མང་རབས་ཅིག་ འཛོམས་པའི་སྦུག་ན་ བཅོམ་ལྡན་འདས་ཀྱིས་ ཉིན་གྲངས་ ༡༥ གི་རིང་ལུ་ ཆོ་འཕྲུལ་རིམ་པ་བཞིན་དུ་ སྟོན་གནང་མི་ཚུ་ གཤམ་གསལ་ལྟར་དུ་ཨིན།
རང་ཟླ་ ༡ པའི་ཚེས་ ༡ ལུ།
རྒྱལཔོ་གསལ་རྒྱལ་གྱིས་ སངས་རྒྱས་བཅོམ་ལྡན་འདས་ལུ་ ཞལ་ཟས་རོ་བཅུད་དང་ལྡན་པ་ མང་རབས་ཅིག་དྲངས་ཏེ་ མཆོད་པའི་སྐབས་ལུ་ བཅོམ་ལྡན་འདས་ཀྱིས་ ཚེམས་ཤིང་ཅིག་ ས་ཁར་བཙུགས་གནང་མི་ལས་ ལྗོན་ཤིང་སྦོམ་ཅིག་སྐྱེས་ཏེ་ དཔག་ཚད་ལྔ་བརྒྱར་ཁྱབ་པའི་ གཞལ་ལག་དང་ འདབ་མ་ལ་སོགས་པ་ཚུ་ག་ར་ རིན་པོ་ཆེའི་ ཁ་དོག་སྣ་ཚོགས་དང་ འབྲས་བུ་དྲི་ཞིམ་པ་དང་ རོ་བརྒྱ་དང་ལྡན་པ་ཚུ་གིས་ སྐྱེ་བོ་མང་རབས་ཅིག་ ཚིམས་པར་མཛད་པའི་ ཆོ་འཕྲུལ་སྟོན་གནང་པའི་ཁར་ ཆོས་ཡང་གསུངས་གནངམ་ལས་ བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་མི་དང་ མཐོ་རིས་ལྷ་ཡུལ་ལུ་ སྐྱེས་མི་ཡང་ མང་རབས་ཅིག་བྱུང་ནུག།
རང་ཟླ་ ༡ པའི་ཚེས་ ༢ ལུ།
རྒྱལཔོ་ཨུ་དྲཱ་ཡ་ཎ་(ཨུ་ཊྲ་ཡ་ན་) གིས་ སངས་རྒྱས་བཅོམ་ལྡན་འདས་ལུ་ མཆོད་རྫས་ལེ་ཤ་ཅིག་དྲངས་ཏེ་ ཞབས་ཏོག་བསྙེན་བཀུར་ ཞུ་བའི་སྐབས་ལུ་ སངས་རྒྱས་ཀྱིས་ སྐུའི་གཡས་གཡོན་ལུ་ མཛེས་ཤིང་ཡིད་དུ་འོང་བ་དང་ ཁ་དོག་མཚར་བའི་ རིན་ཆེན་རི་ ༢ སྤྲུལ་མི་དེ་ཁར་ ཤིང་རིགས་སྣ་ཚོགས་སྐྱེས་ཏེ་ མེ་ཏོག་དང་ རོ་བརྒྱ་དང་ལྡན་པའི་ འབྲས་བུ་ཚུ་གིས་ སྐྱེ་བོ་མང་རབས་ཅིག་ ཚིམས་པར་མཛད་པའི་ ཆོ་འཕྲུལ་སྟོན་གནང་ཡོདཔ་མ་ཚད་ ཆོས་གསུངས་ཏེ་ བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་མི་ཡང་ མང་རབས་ཅིག་བྱུང་ནུག།
རང་ཟླ་ ༡ པའི་ཚེས་ ༣ ལུ།
རྒྱལཔོ་ཤུན་ཙི་ད་ན་གིས་ སངས་རྒྱས་འཁོར་བཅས་ མཆོད་པའི་སྐབས་ལུ་ བཅོམ་ལྡན་འདས་ཀྱིས་ ཞལ་བསིལ་བའི་ བསིལ་ཆུ་དེ་ ས་ཁར་བོརཝ་ད་ རིན་ཆེན་རྫིང་བུར་ སྤྲུལ་གནང་ཡོདཔ་ད་ རྫིང་བུ་དེ་ཡང་ ཞབས་རིན་པོ་ཆེ་སྣ་བདུན་དང་ རྒྱ་ཞེང་དཔག་ཚད་ཉིས་བརྒྱའི་བར་ན་ ཁྱབ་གདལ་གྱི་ནང་ལས་ མེ་ཏོག་པདྨ་སྣ་ཚོགས་འཁྲུངས་ཏེ་ པདྨའི་དྲི་བཟང་གིས་ འགྲོ་བ་ག་ར་ ཚིམས་པར་མཛད་པའི་ ཆོ་འཕྲུལ་སྟོན་གནང་པའི་གུ་ ཆོས་ཡང་གསུངས་གནངམ་ལས་ ཐར་པའི་ལམ་ལུ་ཞུགས་ཏེ་ མཐོ་རིས་ཀྱི་ གནས་ལུ་སྐྱེས་མི་ ལེ་ཤ་ཅིག་བྱུང་ནུག།
རང་ཟླ་ ༡ པའི་ཚེས་ ༤ ལུ།
རྒྱལཔོ་ཨིནྜ་བྷྲ་མ་གིས་ བཟའ་བཅའ་དུ་མ་དྲངས་ཐོག་ལས་ མཆོད་པའི་སྐབས་ལུ་ སངས་རྒྱས་ཀྱིས་ རིན་པོ་ཆེའི་རྫིང་བུ་ ཕྱོགས་བཞིར་སྤྲུལ་ཏེ་ རྫིང་བུ་དེ་ནང་ བསིལ་ཆུ་འབབ་པའི་ ཆོས་ཀྱི་སྒྲ་དེ་ལུ་བརྟེན་ཏེ་ སངས་རྒྱས་པར་འགྱུར་ནི་དང་ མཐོ་རིས་ལུ་སྐྱེ་ནི་ བསོད་ནམས་བསགས་ནི་ལ་སོགས་པའི་ མཛད་པ་མང་རབས་ཅིག་ སྟོན་གནང་ནུག།
རང་ཟླ་ ༡ པའི་ཚེས་ ༥ ལུ།
རྒྱལཔོ་ཚངས་བྱིན་གྱིས་ མཆོད་པའི་ཡོ་བྱད་ཚུ་བཤམས་ཏེ་ སངས་རྒྱས་འཁོར་དང་བཅས་པ་ མཆོད་པའི་སྐབས་ལུ་ སངས་རྒྱས་ཀྱི་ ཞལ་སྒོ་ལས་ གསེར་གྱི་མདོག་བཟུམ་མའི་ འོད་ཟེར་སྣ་ཚོགས་ཤར་ཏེ་ སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ག་ར་ལུ་ ཁྱབ་པར་མཛད་མི་ འོད་དེ་རེག་མི་ སེམས་ཅན་ག་ར་ འདོད་ཆགས་ལ་སོགས་པའི་ དུག་གསུམ་དང་ སྒྲིབ་པ་ག་ར་ དག་པར་མཛད་པའི་ ཆོ་འཕྲུལ་སྟོན་གནང་ནུག།
རང་ཟླ་ ༡ པའི་ཚེས་ ༦ ལུ།
ལི་ཙ་བྱི་ཚུ་གིས་ སངས་རྒྱས་འཁོར་དང་བཅས་པ་ལུ་ མཆོད་པའི་ཡོ་བྱད་ཚུ་ཕུལ་ཏེ་ ཞབས་ཏོག་བསྙེན་བཀུར་ཞུ་བའི་སྐབས་ལུ་ སྟོན་པ་བཅོམ་ལྡན་འདས་ཀྱི་ ནུས་མཐུ་ལུ་བརྟེན་ཏེ་ འཁོར་ལུ་འདུ་མི་ སེམས་ཅན་ཚུ་གིས་ གཅིག་གིས་མནོ་བསམ་བཏང་མི་ གཅིག་གིས་ཤེསཔ་སྦེ་ བཟོ་གནང་པའི་ཁར་ སེམས་ཅན་སོ་སོའི་དགེ་བ་དང་ མི་དགེ་བའི་ལས་ཚུ་ཡང་ ཤེས་རྟོགས་བྱུང་བར་མཛད་ནུག།
རང་ཟླ་ ༡ པའི་ཚེས་ ༧ ལུ།
ཤཱཀྱའི་རིགས་ཚུ་གིས་ མཆོད་པའི་སྐབས་ལུ་ སྟོན་པ་བཅོམ་ལྡན་འདས་ཀྱི་ ནུས་མཐུ་ལུ་བརྟེན་ཏེ་ དེ་ཚེ་ཉིན་མར་འཛོམས་མི་ སེམས་ཅན་ཚུ་ འཁོར་ལོས་བསྒྱུར་བའི་ རྒྱལ་པོར་གྱུར་ཏེ་ བློན་པོ་ཚུ་གིས་ ཞབས་ཏོག་ཞུ་བའི་ཁར་ འཁོར་དེ་ཚུ་ལུ་ ཆོས་ཡང་གསུངས་གནངམ་ལས་ བླ་ན་ མེད་པའི་ བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་པ་དང་ ལྷ་མིའི་ལུས་ལུ་ སེམས་ཅན་མང་རབས་ཅིག་ སྐྱེ་བ་ཐོབ་པར་མཛད་ནུག།
རང་ཟླ་ ༡ པའི་ཚེས་ ༨ ལུ།
ལྷ་དབང་བརྒྱ་བྱིན་གྱིས་ སངས་རྒྱས་བཅོམ་ལྡན་འདས་ལུ་ སེངྒེའི་ཁྲི་བཤམས་པའི་ གཡོན་ཁ་ཐུག་ལས་ བརྒྱ་བྱིན་དང་ གཡས་ཁ་ཐུག་ལས་ ལྷ་ཚངས་པ་གིས་ མཆོད་རྫས་སྣ་ཚོགས་ཕུལ་ཏེ་ བསྙེན་བཀུར་ཞུཝ་ད་ སངས་རྒྱས་ཀྱི་ ཕྱག་གིས་སྦེ་ སེངྒེའི་ཁྲི་ མནན་པའི་སྐབས་ལུ་ གླངམོ་ཆེའི་ སྐད་བཟུམ་མའི་ སྒྲ་སྐད་སྦོམ་ཅིག་ བྱུང་མིའི་ནང་ལས་ སྲིན་པོ་ ༥ ཐོན་ཏེ་ མུ་སྟེགས་པའི་ སྟོན་པ་དྲུག་གི་ ཁྲི་དེ་ཚུ་ བཤིག་བཏང་པའི་ཁར་ ཕྱག་ན་རྡོ་རྗེར་སྤྲུལ་ཏེ་ རྡོ་རྗེའི་རྩེ་མོར་ མེ་འབར་བ་བསྣམས་ཏེ་ སྟོན་པ་དྲུག་གི་ མགུ་ཏོག་ཁར་འཕངསམ་ལས་ མུ་སྟེགས་པའི་ སྟོན་པ་དྲུག་ འདྲོག་པའི་ཤུགས་ཀྱིས་ བྱོག་འགྱོཝ་ད་ ལ་ལོ་ཅིག་ ཚེ་ལས་ཡང་ འདས་ཡོདཔ་ད་ སྟོན་པ་དྲུག་གི་ འཁོར་སྟོང་ཕྲག་ ༩༠ གིས་ སངས་རྒྱས་ལུ་ སྐྱབས་སུ་འཛིན་ཏེ་ རབ་ཏུ་བྱུངམ་ལས་ ཉོན་མྱོང་པ་གྲོལ་ཏེ་ དགྲ་བཅོམ་པའི་གོ་འཕང་ ཐོབ་པར་མཛད་ནུག།
རང་ཟླ་ ༡ པའི་ཚེས་ ༩ ལུ།
ཚངས་པའི་རྒྱལ་པོ་གིས་ ལྷ་ཡི་བཟའ་བཏུང་སྣ་ཚོགས་ཀྱིས་ མཆོད་པའི་སྐབས་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གནམ་ས་ག་ར་ཁྱབ་པའི་ སྐུ་ག་ནི་བ་མཐོ་བ་ འོད་ཟེར་དང་བཅས་པའི་སྒོ་ལས་ ལྷམ་མེར་བཞུགས་མི་དེ་ འཁོར་ག་ར་གིས་ མཇལ་ཚུགས་པའི་ཁར་ གསུང་ཡང་གོ་བའི་ ཆོ་འཕྲུལ་ཆེན་པོ་ སྟོན་གནངམ་ལས་ འཁོར་ལེ་ཤ་ཅིག་གིས་ བྱང་ཆུབ་ཀྱི་ གོ་འཕང་ཐོབ་པའི་གུ་ ལྷ་མིའི་བདེ་བ་ཐོབ་མི་ཡང་ ལེ་ཤ་ཅིག་བྱུང་ནུག།
རང་ཟླ་ ༡ པའི་ཚེས་ ༡༠ ལུ།
རྒྱལ་ཆེན་བཞི་གིས་ མཆོད་རྫས་སྣ་ཚོགས་ མང་རབས་ཅིག་གིས་ མཆོད་པའི་སྐབས་ལུ་ བཅོམ་ལྡན་འདས་ཀྱིས་ སྲིད་པ་རྩེ་མོའི་བར་ན་ཁྱབ་པའི་ སྐུ་ལུ་སྤྲུལ་ཡོདཔ་ད་ སྤྲུལ་སྐུ་དེ་ཚུ་ལས་ འོད་ཟེར་སྣ་ཚོགས་བྱུང་མི་ཚུ་ འཁོར་ག་ར་གིས་ མཇལ་ཚུགས་པའི་ཁར་ ཆོས་ཡང་གསུངས་པ་ལུ་བརྟེན་ཏེ་ སེམས་ཅན་ག་ར་ དགའ་བ་སྐྱེད་ཐོག་ལུ་ བྱང་ཆུབ་མཆོག་ཏུ་ སེམས་བསྐྱེདཔ་ལས་ འབྲས་བུ་བླ་ན་མེད་པའི་ གོ་འཕང་དང་ ལྷ་མིར་སྐྱེ་བའི་ དགེ་བའི་རྩ་བ་ ཐོབ་མི་ཡང་ ལེ་ཤ་ཅིག་བྱུང་ནུག།
རང་ཟླ་ ༡ པའི་ཚེས་ ༡༡ ལུ།
ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ མཆོད་རྫས་མང་རབས་ཅིག་བཤམས་ཏེ་ མཆོད་པའི་སྐབས་ལུ་ སངས་རྒྱས་བཅོམ་ལྡན་འདས་ བྱམས་པའི་ཏིང་ངེ་འཛིན་ལུ་བཞུགས་ཏེ་ སྐུ་གསེར་མདོག་ལྟ་བུ་ སེངྒེའི་ཁྲི་ལུ་ བཞུགས་བཞིན་དུ་ སྐུ་མི་སྣང་བར་ འོད་ཀྱི་ཕུང་པོར་ གྱུར་བར་མཛད་མི་ལས་ འོད་ཟེར་ཆེན་པོ་བཀྱེ་སྟེ་ འཇམ་པའི་གསུང་གིས་ ཆོས་གསུངས་གནངམ་ལས་ ལ་ལུ་ཅིག་ ཕྱིར་མི་ལྡོག་པ་དང་ ལ་ལུ་ཅིག་ ས་ལམ་གྱི་ འབྲས་བུ་ཐོབ་པའི་ཁར་ ལ་ལུ་ཅིག་ ལྷ་མིར་སྐྱེ་བའི་ བསོད་ནམས་དཔག་མེད་ཡང་ཐོབ་ནུག།
རང་ཟླ་ ༡ པའི་ཚེས་ ༡༢ ལུ།
ཁྱིམ་བདག་ཙིན་ད་གིས་ སངས་རྒྱས་འཁོར་དང་བཅས་པ་ མཆོད་པའི་ཡོ་བྱད་དུ་མ་གིས་ མཆོད་པའི་སྐབས་ལུ་ བཅོམ་ལྡན་འདས་ ཏིང་ངེ་འཛིན་གྱི་ངང་ལུ་བཞུགས་ཏེ་ གསེར་གྱི་མདོག་བཟུམ་མའི་ སྐུའི་འོད་ཀྱིས་ སྟོང་གསུམ་གྱི་ སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ག་ར་ ཁྱབ་པར་མཛད་པའི་ འོད་ཀྱིས་རེག་མི་ སེམས་ཅན་ཚུ་ གདུག་གསུམ་གྱི་ སེམས་ག་ར་ཞི་སྟེ་ སྙིང་རྗེའི་སེམས་བསྐྱེད་ཐོག་ལས་ སེམས་ཅན་གཅིག་གིས་གཅིག་ལུ་ ཕ་བུ་དང་ སྤུན་མཆེད་བཟུམ་མའི་ བཟའ་བཤེས་ལུ་ གྱུར་ཡོདཔ་མ་ཚད་ སངས་རྒྱས་བཅོམ་ལྡན་འདས་ པདྨའི་གདན་ལུ་ བཞུགས་པར་སྤྲུལ་ཏེ་ ཆོས་སྣ་ཚོགས་གསུངསམ་ལས་ ས་ལམ་གྱི་ འབྲས་བུ་ཐོབ་པའི་ཁར་ ལྷ་མིར་སྐྱེ་བའི་ བསོད་ནམས་ཡང་ཐོབ་ནུག།
རང་ཟླ་ ༡ པའི་ཚེས་ ༡༣ ལུ།
རྒྱལཔོ་ཤུན་ཙ་གིས་ མཆོད་རྫས་དུ་མ་བཀང་སྟེ་ མཆོད་པའི་སྐབས་ལུ་ བཅོམ་ལྡན་འདས་ཀྱི་ ལྟེ་བ་ལས་ འོད་དཔག་མེད་འཕྲོས་མི་གིས་ སྟོང་གསུམ་གྱི་བར་ན་ ཁྱབ་པར་མཛད་དེ་ འོད་ཟེར་སྣ་ཚོགས་རེག་མི་ སེམས་ཅན་ག་ར་ གདུག་གསུམ་ལ་སོགས་པའི་ སྒྲིབ་པ་ཚུ་དང་ བྲལ་བའི་ཁར་ བཅོམ་ལྡན་འདས་ཀྱིས་ ཆོས་གསུངསམ་ལས་ བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་དེ་ བླ་ན་མེད་པའི་ གོ་འཕང་དང་ ལྷ་མིར་སྐྱེ་བའི་ དགེ་བ་ཐོབ་མི་ཡང་ ལེ་ཤ་ཅིག་བྱུང་ནུག།
རང་ཟླ་ ༡ པའི་ཚེས་ ༡༤ ལུ།
རྒྱལཔོ་ཨུད་ཏྲ་ཡ་ན་གིས་ སངས་རྒྱས་འཁོར་བཅས་ མོད་རྫས་སྣ་ཚོགས་ཀྱིས་ མཆོད་པའི་སྐབས་ལུ་ མེ་ཏོག་གཏོར་མི་དེ་ཚུ་ག་ར་ རིན་ཆེན་ཤིང་རྟའི་ཚོགས་ལུ་གྱུར་ཏེ་ སྟོང་གསུམ་གྱི་ སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ག་ར་ ཁྱབ་པར་མཛད་མི་ཚུ་ འཁོར་ཀུན་གྱིས་ གསལ་ཏོག་ཏོ་སྦེ་ མཐོང་ཚུགས་པའི་ཁར་ གང་ལ་གང་འདུལ་གྱི་ ཆོས་ཚུ་ཡང་ གསུངས་པ་ལུ་བརྟེན་ཏེ་ བླ་ན་མེད་པའི་ བྱང་ཆུབ་ཐོབ་མི་དང་ ལྷ་མིར་སྐྱེ་མི་ཡང་ མང་རབས་ཅིག་བྱུང་ནུག།
རང་ཟླ་ ༡ པའི་ཚེས་ ༡༥ ལུ།
རྒྱལཔོ་གཟུགས་ཅན་སྙིང་པོ་གིས་ མཆོད་རྫས་དུ་མ་བཀྲམ་སྟེ་ མཆོད་པའི་སྐབས་ལུ་ བཅོམ་ལྡན་འདས་ཀྱིས་ རོ་བརྒྱ་དང་ལྡན་པའི་ཟས་ཀྱིས་ རིན་པོ་ཆེའི་ ཧོད་ཚུ་བཀང་སྟེ་ འཁོར་ག་ར་ལུ་ གནང་ཡོདཔ་བཞིན་དུ་ ཟས་དེ་ཟ་བའི་ཤུལ་ལུ་ སེམས་ཅན་ག་ར་གི་ ལུས་སེམས་བདེ་བར་གྱུར་ནུག།
དེ་ལས་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཕྱག་མཐིལ་ས་ཁར་ བརྡབས་མ་ཐག་ཏུ་ དམྱལ་བའི་སེམས་ཅན་ ཚད་མེད་པ་དང་ གྲངས་མེད་པ་ཚུ་ལུ་ དམྱལ་བའི་སྡུག་བསྔལ་ མྱོང་ཡོད་ལུགས་ཚུ་ དངོས་སུ་མཐོང་ནུག།
དེ་བསྒང་ དམྱབ་བའི་སེམས་ཅན་སོ་སོ་གིས་ ཧེ་མ་ ང་གིས་ སྡིག་པ་ག་ཅི་བཟུམ་ཅིག་འབད་དེ་ སྡུག་བསྔལ་འདི་བཟུམ་ཅིག་ མྱོང་དགོཔ་ཨིན་ན་ཟེར་ སླབ་མི་ཚུ་ འཁོར་ག་ར་གིས་གོཝ་ལས་ འདྲོག་བྱེལ་འཐབ་པའི་གུ་ སྙིང་རྗེའི་སེམས་ཡང་སྐྱེས་ཏེ་ ཆོས་ཞུཝ་ལས་ ལ་ལུ་ཅིག་ ཕྱིར་མི་ལྡོག་པའི་གནས་དང་ ལ་ལུ་ཅིག་ ས་ལམ་གྱི་ འབྲས་བུ་ཐོབ་པའི་ཁར་ ལ་ལུ་ཅིག་ ལྷ་མིར་སྐྱེ་བའི་ བསོད་ནམས་དཔག་མེད་ཡང་ ཐོབ་ནུག་ཟེར་ ཞུ་ནི་དང་འབྲེལ་ དགེ་བའི་རྩ་བ་འདི་ལུ་བརྟེན་ཏེ་ འགྲོ་བའི་སེམས་ཅན་ག་ར་ བྱང་ཆུབ་སངས་རྒྱས་ཀྱི་ གོ་འཕང་འཐོབ་པའི་ རྒྱུར་འགྱུར་བའི་ བསྔོ་བ་སྨོན་ལམ་ཞུཝ་ཨིན་ནོ། །

Comments are closed.

Related

གཏམ་བརྒྱུད།

ཕམ་མཆོད་དུ་རུང་བའི་ལོ་རྒྱུས།

༆   ཤཱཀྱའི་རྒྱལ་པོ་ ཟས་གཙང་གཤགས་པའི་ཤུལ་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཡབ་ཟས་གཙང་གི་ སྐུ་པུར་ལུ་ མཆོདཔ་དེ་ཚུ་ ཕུལ་བ་གིས་མ་ཚད་པར་ མཆོད་རྟེན་ཚུ་ཡང་ བཞེངས་པ་ལུ་བརྟེན་ཏེ། དགེ་སློང་ཚུ་ ཐེ་ཚོམ་གྱི་ངང་ལས་ རྒྱལ་བ་ལེགས་ཤོམ་སྦེ་ སངས་རྒྱས་ཏེ་ འཇིག་རྟེན་གྱི་ བྱ་བ་ཚུ་ སྤངས་ཚར་རུང་ འཇིག་རྟེན་པ་དང་ ཅོག་འཐདཔ་སྦེ་ ཕ་མ་ལུ་ གུས་ཞབས་མཛད་མི་དེ་ ཡ་མཚན་ཆེ་བས་ལགས་ཟེར་ཞུ་ནུག། སངས་རྒྱས་ཀྱིས་ འཇིག་རྟེན་གྱི་ཁམས་འདི་ནང་ བླམ་གིས་ཡང་ མཆོད་པའི་འོས་ལུ་གྱུར་མི་ ཕམ་གཉིས་ཨིནམ་ལས་ མཆོད་ཡུལ་གེ་རའི་ནང་ལས་ ཕམ་རྩ་ཆེ་ནི་དེ་གིས་ ཕམ་ལུ་ མཆོདཔ་མ་ཕུལ་མི་ཚུ་གི་ ཆོས་དེ་ཡང་ ལོག་པའི་ཆོས་ཨིནམ་ད་ ང་གིས་ ཧེ་མར་ཡང་ ཕམ་ཚུ་ལུ་ གུས་ཞབས་འབད་བའི་ ལོ་རྒྱུས་ལེ་ཤ་ཡོད། དེ་ཡང་ ཧེ་མར་ ཀ་ཤིའི་གྲོང་ཁྱེར་ལུ་ བྲམ་ཟེ་ཅིག་གི་མནའམ་ གཽ་ཏ་མི་ལུ་ བུ་རིགས་དང་ སྤྱོད་པ་གཙང་མ་ སྔོ་གཙང་ཅན་ཟེར་མི་ཅིག་ བྱུང་པའི་ཤུལ་ལུ། ཁོ་གི་ཕམ་གཉིས་ ལོ་ན་རྒས་པའི་ཁར་ མིག་ཏོ་ཡང་ ཞར་སོངཔ་ལས་ བུ་དེ་ལུ་ ཁྱིམ་གྱི་བདག་འགན་སྤྲོད་དེ་ ཤིང་ནགས་ཀྱི་ དགོན་པར་ཡར་སོང་ནུག། […]

gyalchi
གཏམ་བརྒྱུད།

ཚོང་དཔོན་ནོར་བཟང་གི་གཏམ་བརྒྱུད།

༆   ཧེ་མར་ རྒྱ་གར་ལྷོ་ཕྱོགས་ཀྱི་ གཡུས་ཚན་ཅིག་ནང་ ཚོང་དཔོན་ནོར་བཟང་ཟེར་མི་ཅིག་དང་ གནས་ཚང་གཡོ་འཕྲུལ་མ་ཟེར་མི་ཅིག་ཡོདཔ་ད་ ཁོང་བཟའ་ཚང་ ༢ བསོད་ནམས་མཐུནམ་ལས་ རྒྱུ་ནོར་ལོངས་སྤྱོད་ཚུ་ཡང་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་སྡོད་ནུག། ཨིན་རུང་ ཚོང་དཔོན་ནོར་བཟང་དེ་ རྒྱ་མཚོའི་ནང་ལས་ ནོརབུ་ལེན་མིའི་ རིགས་བརྒྱུད་ཅིག་འབདཝ་ལས་ ནམ་ཅིག་གི་ཚེ་ ཚོང་དཔོན་དེ་ རྒྱ་མཚོའི་ནང་ལས་ ནོར་བུ་ལེན་པར་འགྱོཝ་ད་ གཡུས་བཟང་གླིང་ཟེར་སར་ལྷོདཔ་ད་ བུམོ་ལེགས་མཛེས་མ་ཟེར་མི་ མཁའ་འགྲོ་མའི་ སྤྲུལ་པ་ཅིག་ ངོ་རིས་ག་ནི་བ་ལེགས་པའི་ཁར་ གསུང་སྐད་ག་ནི་བ་ཧན་པའི་ ལྷའི་སྲསམོ་བཟུམ་ཅིག་ཡོདཔ་ལས་ ཚོང་དཔོན་དེ་ མོ་ལུ་སེམས་ཤོར་ཏེ་ ཁོ་དང་མཉམ་ཅིག་ སྡོད་དགོཔ་སྦེ་ སླབ་བཞིན་དུ་ མོ་གིས་ཡང་ སྐྱེ་བ་ཧེ་མའི་ ལས་དང་ སྨོན་ལམ་གྱི་དབང་གིས་ ཁ་བཟེད་ཞིནམ་ལས་ བཟའ་ཚང་བསྡོམས་ཏེ་སྡོད་ནུག། དེ་ལས་ ཚོང་དཔོན་དེ་ རྒྱ་མཚོའི་ནང་ ནོརབུ་ལེན་པར་སོང་སྟེ་ ཟླཝ་གསུམ་དེ་ཅིག་ འགོར་ཡོདཔ་མ་ཚད་ ནོརབུ་ཐོབ་པའི་ཤུལ་ལུ་ རྒྱ་མཚོའི་མཐའ་མར་ ངལ་འཚོ་སྡོདཔ་ད་ ཀླུ་དེ་ཚུ་གིས་ འཚུབས་བསྟན་ཏེ་ རྒྱ་མཚོ་རྦ་ལུད་ཐོག་ལས་ ནོརབུ་དེ་ཚུ་ཡང་ག་ར་ ཕྱགས་བདའ་ཡོདཔ་ད་ དེ་ཡང་ ཚོང་དཔོན་ནོར་བཟང་དེ་ རྒྱབ་ཐལ་བའི་ཤུལ་ལུ་ […]

gyalchi
གཏམ་བརྒྱུད།

སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་ལུ་ ཞེ་སྡང་གི་སྒོ་ལས་ ཚིག་རྩུབ་ཞུ་བའི་ཉེས་དམིགས།

༆   ཧེ་མར་ སངས་རྒྱས་བཅོམ་ལྡན་འདས་ ཞལ་བཞུགས་པའི་སྐབས་ལུ་ རྒྱལ་པོའི་ཁབ་ཟེར་སར་ ཚོང་དཔོན་ཕྱུགཔོ་ཅིག་གིས་ རིགས་རུས་མཉམ་པའི་ ཨམ་སྲུ་ཅིག་དང་ གཉེན་སྦྱོར་འབད་བའི་ཤུལ་ལུ་ དགའ་མགུ་སྤྲོ་གསུམ་གྱི་སྒོ་ལས་ ཕོ་བའི་ནང་ ཨ་ལོ་དང་པ་ ཆགས་ཡོད་རུང་ ཨ་ལོ་དེ་ ཕོ་བའི་ནང་ བསྡད་སྡོད་པར་ ཨ་ལོ་གཞན་ ༡༠ སྐྱེས་ཡོདཔ་ཨིན་པས། ནམ་ཅིག་གི་ཚེ་ ཨམ་སྲུ་དེ་ ན་བ་ལུ་བརྟེན་ཏེ་ སྨན་བཅོས་རིམ་གྲོ་ཚུ་ ག་བཟུམ་འབད་རུང་ དྲག་མ་ཚུགས་པར་ ཤི་ནིའི་གུ་ལྷོདཔ་ད་ ཨམ་སྲུ་དེ་གིས་ ཚོང་དཔོན་ལུ་ ང་ཤི་བའི་ཤུལ་ལུ་ ངེའི་ཕོ་བའི་ནང་ཡོད་མི་ ཨ་ལོ་དང་པ་དེ་ མཆན་ལོགས་གཡས་པ་ མཚོན་ཆ་གིས་སྤེད་དེ་ གཏོན་སྨ་རེད་ཟེར་ སླབ་ཞིནམ་ལས་ ཤི་སོང་ནུག། ཚོང་དཔོན་དེ་གིས་ ཨམ་སྲུའི་ཕུངམོ་དེ་ དུར་ཁྲོད་བསིལ་བའི་ཚལ་ལུ་ བསྐྱལ་བའི་ཤུལ་ལས་ སྨན་པའི་རྒྱལ་པོ་ འཚོ་བྱེད་ཀྱིས་ ཨམ་སྲུ་ཤི་མིའི་ ཕོ་བའི་ནང་ལས་ ཨ་ལོ་དེ་ མ་བཏོན་པའི་ཧེ་མར་ ཁྱབ་བསྒྲགས་བཏངམ་ལས་ སངས་རྒྱས་བཅོམ་ལྡན་འདས་ འཁོར་དང་བཅས་པ་གིས་གཙོས་པའི་ ཕྱི་རོལ་པའི་ སྟོན་པ་ ༦ དང་ མི་མང་འབུམ་ཕྲག་ ལེ་ཤ་ཅིག་ […]

gyalchi
Online now: 21 Today: 2500 Total visitors: 2500