ArchiveAboutContact
གཏམ་བརྒྱུད།

ཚོང་དཔོན་ནོར་བཟང་གི་གཏམ་བརྒྱུད།

gyalchi · 1 min read

༆   ཧེ་མར་ རྒྱ་གར་ལྷོ་ཕྱོགས་ཀྱི་ གཡུས་ཚན་ཅིག་ནང་ ཚོང་དཔོན་ནོར་བཟང་ཟེར་མི་ཅིག་དང་ གནས་ཚང་གཡོ་འཕྲུལ་མ་ཟེར་མི་ཅིག་ཡོདཔ་ད་ ཁོང་བཟའ་ཚང་ ༢ བསོད་ནམས་མཐུནམ་ལས་ རྒྱུ་ནོར་ལོངས་སྤྱོད་ཚུ་ཡང་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་སྡོད་ནུག།

ཨིན་རུང་ ཚོང་དཔོན་ནོར་བཟང་དེ་ རྒྱ་མཚོའི་ནང་ལས་ ནོརབུ་ལེན་མིའི་ རིགས་བརྒྱུད་ཅིག་འབདཝ་ལས་ ནམ་ཅིག་གི་ཚེ་ ཚོང་དཔོན་དེ་ རྒྱ་མཚོའི་ནང་ལས་ ནོར་བུ་ལེན་པར་འགྱོཝ་ད་ གཡུས་བཟང་གླིང་ཟེར་སར་ལྷོདཔ་ད་ བུམོ་ལེགས་མཛེས་མ་ཟེར་མི་ མཁའ་འགྲོ་མའི་ སྤྲུལ་པ་ཅིག་ ངོ་རིས་ག་ནི་བ་ལེགས་པའི་ཁར་ གསུང་སྐད་ག་ནི་བ་ཧན་པའི་ ལྷའི་སྲསམོ་བཟུམ་ཅིག་ཡོདཔ་ལས་ ཚོང་དཔོན་དེ་ མོ་ལུ་སེམས་ཤོར་ཏེ་ ཁོ་དང་མཉམ་ཅིག་ སྡོད་དགོཔ་སྦེ་ སླབ་བཞིན་དུ་ མོ་གིས་ཡང་ སྐྱེ་བ་ཧེ་མའི་ ལས་དང་ སྨོན་ལམ་གྱི་དབང་གིས་ ཁ་བཟེད་ཞིནམ་ལས་ བཟའ་ཚང་བསྡོམས་ཏེ་སྡོད་ནུག།

དེ་ལས་ ཚོང་དཔོན་དེ་ རྒྱ་མཚོའི་ནང་ ནོརབུ་ལེན་པར་སོང་སྟེ་ ཟླཝ་གསུམ་དེ་ཅིག་ འགོར་ཡོདཔ་མ་ཚད་ ནོརབུ་ཐོབ་པའི་ཤུལ་ལུ་ རྒྱ་མཚོའི་མཐའ་མར་ ངལ་འཚོ་སྡོདཔ་ད་ ཀླུ་དེ་ཚུ་གིས་ འཚུབས་བསྟན་ཏེ་ རྒྱ་མཚོ་རྦ་ལུད་ཐོག་ལས་ ནོརབུ་དེ་ཚུ་ཡང་ག་ར་ ཕྱགས་བདའ་ཡོདཔ་ད་ དེ་ཡང་ ཚོང་དཔོན་ནོར་བཟང་དེ་ རྒྱབ་ཐལ་བའི་ཤུལ་ལུ་ གནས་ཚང་གཡོ་འཕྲུལ་མ་གིས་ དམ་ཚིག་མ་སྲུང་པར་ བཀྲ་མ་ཤིསཔ་འབདཝ་ལས་ དབང་ཐང་དང་ རླུང་རྟ་ཚུ་ རྒུད་པའི་དབང་གིས་ཨིན་པས།

དེ་ཚེ་ཕྱི་རོ་ ཚོང་དཔོན་དེ་ ན་འཐན་དབུགས་བགམ་སྟེ་ ལྷ་ལུ་གསོལཝ་བཏབ་སྦེ་ཉལཝ་ལས་ ཁོ་གི་གཉིད་ལམ་ནང་ ལྷ་གིས་ ཚོང་དཔོན་ཁྱོད་རང་ ན་ལུ་ དེ་སྦེ་ མ་སྡོད་པར་ གཡུས་ཁར་ལོག་སོང་ཞིནམ་ལས་ སྐྱོན་ལྔ་དང་བྲལ་ཏེ་ ཡོན་ཏན་བརྒྱ་དང་ལྡན་པའི་གུ་ རང་གི་རྨག་པར་ ལྷ་བཟུམ་བརྩིས་ཏེ་ དམ་ཚིག་སྲུང་སྡོད་མི་ ཨམ་སྲུའི་ཟླ་ཁྲག་ཐིག་པ་གསུམ་ འབག་འོང་ཞིནམ་ལས་ རྒྱ་མཚོའི་ནང་ བླུགས་པ་ཅིན་ མཚོ་རྦ་ལུད་དེ་ ནོརབུ་གེ་ར་ རྒྱ་མཚོའི་མཐའ་མར་ འཐོན་འོང་ནི་ཨིན་པའི་ ལུང་བསྟན་གནང་ནུག།

དེ་བསྒང་ ཚོང་དཔོན་གྱི་སེམས་ཁར་ གནས་ཚང་གཡོ་འཕྲུལ་མ་དེ་ ཁོ་ལུ་ དམ་ཚིག་སྲུང་སྡོད་མི་ཅིག་ཨིནམ་ལས་ མོ་གི་ཟླ་ཁྲག་འབག་འོང་དགོ་པས་མནོ་སྟེ་ ལེགས་མཛེས་མ་འབད་སར་ལྷོད་དེ་ ཁོ་གི་ནོརབུ་དེ་ཚུ་ མཚོ་གིས་ཕྱགས་འབག་པའི་སྐོར་ལས་དང་ ལྷའི་ལུང་བསྟན་ལྟར་དུ་ གཡོ་འཕྲུལ་མའི་ ཟླ་ཁྲག་འབག་སྟེ་ ལོག་འགྱོ་ནི་ཨིན་པའི་ ལོ་རྒྱུས་ཚུ་སླབ་ནུག།

དེ་བསྒང་ ལེགས་མཛེས་མའི་སེམས་ཁར་ ཁོ་གི་གནས་ཚང་ གཡོ་འཕྲུལ་མ་དེ་ དམ་ཚིག་རྩ་ལས་ར་ མ་བསྟེན་མི་ཅིག་འབདཝ་ལས་ ཕན་ཐོགས་མི་འབྱུང་ནི་ཨིན་པའི་ མནོ་བསམ་བཏང་སྟེ་ ཁྱོད་ཀྱིས་ མོ་ལུ་ ཟླ་ཁྲག་དགོཔ་སྦེ་ ཕྲང་སྟེ་ར་ སླབ་པ་ཅིན་ མོ་གིས་ བྱིན་མི་བཏུབ་ནི་ཨིནམ་ལས་ རང་གི་རྨགཔ་ལུ་ དམ་ཚིག་མ་སྲུང་པར་ ཕོ་སྐྱེས་ཁལ་ལྔ་ཐོབ་མིའི་ ཨམ་སྲུའི་ཟླ་ཁྲག་ཐིག་པ་གསུམ་ དགོ་པའི་སྐོར་ལས་ སླབ་པ་ཅིན་ དྲག་འོང་ཟེར་སླབ་ནུག།

ཚོང་དཔོན་ནོར་བཟང་གིས་ཡང་ ལེགས་མཛེས་མ་གིས་ སླབ་དོ་བཟུམ་སྦེ་ གཡོ་འཕྲུལ་མ་ལུ་ རྒྱ་མཚོའི་རྦ་རླབ་ཀྱིས་ ནོརབུ་ཕྱགས་འབག་པའི་ ལོ་རྒྱུས་དང་ ལྷའི་ལུང་བསྟན་དང་འཁྲིལཝ་ད་ ཕོ་སྐྱེས་ཁལ་ལྔ་དང་ཅིག་ཁར་ བཀྲ་མ་ཤིསཔ་འབད་མི་ ཨམ་སྲུའི་ཟླ་ཁྲག་དགོ་པའི་སྐོར་ལས་ སླབ་པའི་སྐབས་ལུ་ གཡོ་འཕྲུལ་མ་གིས་ ང་བཅས་གཉིས་ བཟའ་ཚང་བསྡོམས་ཞིནམ་ལས་ ཕོ་སྐྱེས་གཞན་ཁལ་བཞི་དང་བཅུ་དགུ་དང་ཅིག་ཁར་ སྡོད་ཡོདཔ་བཞིན་དུ་ ད་རིས་ཕྱི་རོ་ ཕོ་སྐྱེས་གཞན་ཅིག་དང་ཅིག་ཁར་ སྡོད་པ་ཅིན་ ཕོ་སྐྱེས་ཁལ་ལྔ་ ཚང་ནི་ཨིན་པའི་གུ་ ཟླ་ཁྲག་ཡང་ འོང་རན་ཡི་ཟེར་སླབ་ལས་ ཚོང་དཔོན་དེ་ མོ་ལུ་བལྟ་སྟེ་ དབུགས་འགམ་ ཡིད་ཐང་ཆད་དེ མགུ་གསིག་རྐྱབ་ཅི་ར་ ལོག་ཡར་སོང་ནུག།

དེ་ལས་ ཚོང་དཔོན་ནོར་བཟང་དེ་ བཟང་གླིང་གཡུས་ཁར་ལྷོད་དེ་ གཡོ་འཕྲུལ་མའི་སྐོར་ལས་ ལོ་རྒྱུས་ཚུ་ སླབ་པའི་སྐབས་ལུ་ ལེགས་མཛེས་མ་གིས་ ད་རིས་སྦེན་ ཧ་གོ་ནུག་སྨོ་ ང་གིས་ ག་དེམ་ཅིག་ དམ་ཚིག་སྲུང་སྡོད་རུང་ ཁྱོད་ཀྱིས་ གཉེན་གྲོགས་ཨིན་པའི་ མནོ་བསམ་ར་ བཏང་མ་བཏུབ་ ཨིན་རུང་ ཁྱད་མིན་འདུག་ ཞག་གསུམ་དེ་ཅིག་ཁར་ ཟླ་ཁྲག་འོང་ནི་ཨིནམ་ལས་ ཟླ་ཁྲག་དེ་ འབག་སོང་ཟེར་སླབ་ནུག།

ཚོང་དཔོན་དེ་གིས་ མོ་གིས་སླབ་བཞིན་དུ་ ཟླ་ཁྲག་འབག་སོང་སྟེ་ རྒྱ་མཚོའི་ནང་བླུགསཔ་ད་ རྒྱ་མཚོ་རྦ་ལུད་དེ་ ནོརབུ་གེ་ར་ རྒྱ་མཚོའི་མཐའ་མར་ བཏོན་བཞགཔ་ལས་ སེམས་དགའ་སྟེ་ ལོག་འོང་ཞིནམ་ལས་ ལེགས་མཛེས་མ་དང་ཅིག་ཁར་ དགའ་སྐྱིད་ཕུན་སུམ་ཚོགས་པའི་ངང་ལུ་ སྡོད་བཞིན་དུ་ བཟའ་ཚང་གཅིག་གིས་གཅིག་ལུ་ དམ་ཚིག་སྲུང་སྟེ་ བཀྲ་མ་ཤིསཔ་ མི་འབད་ནི་ཨིན་པའི་ གན་རྒྱ་ཡང་བཟོ་ནུག།

ནམ་ཅིག་གི་ཚེ་ ཚོང་དཔོན་དེ་ ས་ཐག་རིང་ས་ཅིག་ཁར་ འཇར་རོགས་དག་པ་ཅིག་ཡང་འཁྱིད་དེ་ ཚོང་བཤལ་ལུ་ འགྱོ་བའི་ཤུལ་ལས་ར་ ཨམ་སྲུ་དེ་གིས་ པྱི་ཝང་དཀྲོགས་ཤེས་མི་ཅིག་ལས་ པྱི་ཝང་དཀྲོགས་ནི་ ལྷབ་ཞིནམ་ལས་ ལྷངམ་རྐྱབ་མི་ ཨམ་སྲུ་ཅིག་བཟོ་སྟེ་ ཁོ་གི་རྟིད་བདའ་སོང་ཞིནམ་ལས་ པྱི་ཝང་དཀྲོགས་ཏེ་ ལྷངམ་རྐྱབ་ད་ བུམོ་དེ་ ངེད་ཀྱི་ཨམ་སྲུ་དང་ ཆོག་འཐདཔ་སྦེ་ འཇའ་རིསམོ་ཡོདཔ་ལས་ ད་རིས་ཕྱི་རོ་ ང་སྡོད་སར་ འཁྱིད་འགྱོ་དགོ་པས་ཟེར་མནོ་རུང་ བཀྲ་མ་ཤིསཔ་མི་འབད་ནི་གི་ གན་རྒྱ་བཟོ་སྟེ་ཡོདཔ་ལས་ མི་བཏུབ་མནོ་སྟེ་ རྩ་འགེངས་ཐོག་ལུ་ སྡོད་ཡོདཔ་ད་ ཨིན་རུང་ དེ་གི་ནངས་པར་ཡང་ པྱི་ཝང་དཀྲོགས་ཏེ་ ལྷངམ་རྐྱབ་པར་འོངམ་ལས་ བསྲན་མ་ཚུགས་པར་ འཇར་རོགས་ཅིག་ མོ་འབོ་པར་ བཏངམ་བཞིན་དུ་ འཁྱིད་བསྐྱལ་ནུག།

ཚོང་དཔོན་གྱིས་ བུམོ་དེ་ལུ་ གཡུས་དང་ ཕ་མའི་ལོ་རྒྱུས་ཚུ་ དྲིས་བའི་ལན་ལུ་ མོ་གིས་ ཤོབ་རྐྱབ་སྟེ་ ཕྲང་མ་སླབ་མི་དེ་ལུ་ ཡིད་ཆེས་ཏེ་ དེ་ཚེ་ཕྱི་རོ་ འདོད་སྤྱོད་འབདཝ་ལས་ ཨ་ལོ་ཆགསཔ་ཤེས་ཏེ་ ད་རིས་ ངེད་ཀྱི་གཟུགས་ཁར་ ཐོ་ཕོག་དོ་བཟུམ་ཅིག་འབད་ཡི་ཟེར་ སླབ་ཞིནམ་ལས་ འགྱོ་ནི་འབདཝ་ད་ ཚོང་དཔོན་གྱིས་ གསེར་དངུལ་ལ་སོགས་པའི་ རྒྱུ་དངོས་ལེ་ཤ་ཅིག་བྱིན་རུང་ མོ་གིས་ ལེན་མ་བཏུབ་ལས་ དེ་སྦེ་མི་བཏུབ་ ང་ལས་ག་ཅི་ཅིག་ འབག་ར་འབག་དགོ་ཟེར་ ཉན་ར་མ་བཏུབ་ལས་ མོ་གིས་སེམས་ཁར་ཡང་ ཤུལ་ལས་ ག་དེམ་ཅིག་སྦེ་ བྱ་སྟབས་མ་བདེཝ་རེ་ འཐོན་པ་ཅིན་ ཅ་ལ་ཅིག་འདི་ དགོ་ནི་མས་མནོ་སྟེ༌ དེ་སྦེན་ ངེད་ཀྱི་སེམས་རྟེན་ལུ་ རྐངམ་གཡས་པའི་ ལྷམ་དེ་གནང་ཟེར་ སླབ་བཞིན་དུ་ བྱིན་བཏང་ནུག།

དེ་ལས་ མོ་གིས་ ལྷམ་དེ་འབག་སྟེ་ ཁྱིམ་ནང་སོང་པའི་ ཟླཝ་བདུན་གྱི་རྒྱབ་ལས་ ཚོང་དཔོན་དེ་ལྷོདཔ་ད་ ཕོཝ་སྦོམ་སོང་སྟེ་ གཟུགས་མ་བདེཝ་ཡོདཔ་མཐོངམ་ཅིག་ ཙིགཔ་ཟ་བའི་ཤུགས་ཀྱིས་ བཀྲ་མ་ཤིསཔ་དང་ གཡང་མ་ཆགསཔ་ འཆལ་ཏོམ་ལ་སོགས་པའི་ ཚིག་ངན་སླབ་ཐོག་ལས་ ཨ་ལོའི་ཨ་པ་ག་སྨོ་ ང་བཅས་གཉིས་ཀྱི་བར་ན་ བཀྲ་མ་ཤིསཔ་མི་འབད་ནི་གི་ གན་རྒྱ་བཟོ་སྟེ་ཡོད་མིན་ན་ཟེར་ བརྡུང་རྫོབ་ག་དེམ་ཅིག་འབད་རུང་ བློ་ལན་ཚིག་ཅིག་ཡང་ མ་འཇལ་བར་སྡོད་ནུག།

དེ་གི་ནངས་པ་དྲོ་པར་ གྱི་ཅུང་བདར་ཞིནམ་ལས་ ད་རིས་ ཨ་ལོའི་ཨ་པ་ སྟོན་ནི་མེད་པ་ཅིན་ཟེར་ སྐྱའི་རལཔ་གུ་ བཤེད་ཞིནམ་ལས་ ས་ཁར་བརྡབས་ཏེ་ ཨོལ་ལྐོག་བཏོག་ནི་འབདཝ་ད་ དེ་སྦེ་ཨིན་པ་ཅིན་ ཨ་ཙི་ཅིག་སྒུག་གནང་ ཨ་ལོའི་ཨ་པ་ སྟོན་གེ་ཟེར་ སྒྲོམ་ནང་ལས་ ལྷམ་བཏོན་འབག་འོང་སྟེ་ ངེད་ཀྱི་ཨ་ལོའི་ཨ་པ་འདི་ཨིན་ཟེརཝ་ལས་ ལྷམ་དེ་མཐོངམ་ཅིག་ ཁོ་རང་ངོ་ཚ་སྟེ་ ག་ནི་ཡང་ སླབ་མ་ཤེས་པར་ ཧམ་ཐལ་ཐལ་སྦེ་ ལུས་སོང་ནུག།

དེ་ལས་ མོ་གིས་ ཧེ་མའི་ལོ་རྒྱུས་ཚུ་སླབ་སྟེ་ ཁྱིམ་ནང་ལས་ འཐོན་འགྱོ་ནི་འབདཝ་ད་ ཚོང་དཔོན་དེ་ སེམས་ཕམ་དང་ བློ་འགྱོད་སྦོམ་བསྐྱེད་དེ་ དེ་སྦེ་མ་འབད་ཟེར་ བྱེལ་སྐད་ཤོརཝ་ལས་ ལོག་འཆམ་སྡོད་པའི་བར་ན་ ཟླཝ་དང་པའི་ཚེས་ ༡༥ ལུ་ བུ་ཡིད་ཁར་འོང་ཏོག་ཏོ་ཅིག་ སྐྱེས་ཡོདཔ་བཞིན་དུ་ མིང་ཡང་ དཀར་གསལ་ཟླ་བ་ཟེར་ བཏགས་ཞིནམ་ལས་ དགའ་སྐྱིད་ཀྱི་ངང་ལུ་ སྡོད་ནུག་གོ །

Comments are closed.

Related

གཏམ་བརྒྱུད།

རང་ཟླ་དང་པ་ ཆོ་འཕྲུལ་ཟླ་བའི་ དུས་ཆེན་ཁྱད་པར་ཅན་གྱི་ ངོ་སྤྲོད་མདོར་བསྡུས།

མཁན་པོ་དཀར་པོ།ཐིམ་ཕུ་རྡོར་གདན་གཙུག་ལག་སློབ་གྲྭ།ལོ་བསྟར་བཞིན་དུ་ རང་ཟླ་དང་པ་ལུ་ ཆོ་འཕྲུལ་ཟླ་བ་ཟེར་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གྲོང་ཁྱེར་གཉན་ཡོད་ལུ་ མུ་སྟེགས་པའི་ སྟོན་པ་ ༦ འཁོར་དགུ་ཁྲི་དང་བཅས་པ་ ཆོ་འཕྲུལ་ཆེན་མོའི་སྒོ་ལས་ བཏུལ་གནང་པའི་ དུས་ཆེན་ཅིག་ཨིན་པས།དེ་ཡང་ མུ་སྟེགས་པའི་ སྟོན་པ་ ༦ གིས་ རྒྱལཔོ་གཟུགས་ཅན་སྙིང་པོ་ལུ་ ང་བཅས་ཀྱིས་ དགེ་སྦྱོང་གཽ་ཏ་མ་དང་ཅིག་ཁར་ ཆོ་འཕྲུལ་ (རྫུ་འཕྲུལ) འགྲན་ནི་ཨིན་ཟེར་ ཞུཝ་བཞིན་དུ་ རྒྱལཔོ་གཟུགས་ཅན་སྙིང་པོ་ སངས་རྒྱས་ཀྱི་ སྐུ་མདུན་ལུ་བཅར་ཏེ་ དགོངས་སྐོར་ཞུཝ་ད་ སངས་རྒྱས་ཀྱིས་ཡང་ ཞལ་བཞེས་མཛད་དེ་ རྒྱལ་པོའི་ཁབ་ལས་ ཡངས་པ་ཅན་དང་ ཀཽ་ཤམྦི་ ཝཱ་ར་ཎ་སི་ཚུ་ལས་སྦེ་ གཉན་ཡོད་ལུ་བྱོན་ཏེ་ རྒྱལ་བྱེད་ཚལ་ནང་བཞུགས་ནུག།ཁོང་ མུ་སྟེགས་པའི་ སྟོན་པ་ ༦ ཡང་ སངས་རྒྱས་ཀྱི་ རྟིང་བདའ་འོང་སྟེ་ གཉན་ཡོད་ཀྱི་རྒྱལཔོ་ གསེར་རྒྱལ་ལུ་ཡང་ ཧེ་མ་བཟུམ་སྦེ་ར་ཞུཝ་ལས་ རྒྱལ་པོ་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ སྐུ་འདུན་ལུ་བཅར་ཏེ་ རྫུ་འཕྲུལ་སྟོན་གནང་དགོཔ་སྦེ་ ཞུ་བའི་ཁར་ ཆོ་འཕྲུལ་གྱི་འདུ་ཁང་ ལྷའི་ཁང་བཟང་བཟུམ་ཅིག་ནང་ གསེར་གྱི་སེང་ཁྲི་ བཤམས་ཡོདཔ་བཞིན་དུ་ […]

gyalchi
གཏམ་བརྒྱུད།

ཕམ་མཆོད་དུ་རུང་བའི་ལོ་རྒྱུས།

༆   ཤཱཀྱའི་རྒྱལ་པོ་ ཟས་གཙང་གཤགས་པའི་ཤུལ་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཡབ་ཟས་གཙང་གི་ སྐུ་པུར་ལུ་ མཆོདཔ་དེ་ཚུ་ ཕུལ་བ་གིས་མ་ཚད་པར་ མཆོད་རྟེན་ཚུ་ཡང་ བཞེངས་པ་ལུ་བརྟེན་ཏེ། དགེ་སློང་ཚུ་ ཐེ་ཚོམ་གྱི་ངང་ལས་ རྒྱལ་བ་ལེགས་ཤོམ་སྦེ་ སངས་རྒྱས་ཏེ་ འཇིག་རྟེན་གྱི་ བྱ་བ་ཚུ་ སྤངས་ཚར་རུང་ འཇིག་རྟེན་པ་དང་ ཅོག་འཐདཔ་སྦེ་ ཕ་མ་ལུ་ གུས་ཞབས་མཛད་མི་དེ་ ཡ་མཚན་ཆེ་བས་ལགས་ཟེར་ཞུ་ནུག། སངས་རྒྱས་ཀྱིས་ འཇིག་རྟེན་གྱི་ཁམས་འདི་ནང་ བླམ་གིས་ཡང་ མཆོད་པའི་འོས་ལུ་གྱུར་མི་ ཕམ་གཉིས་ཨིནམ་ལས་ མཆོད་ཡུལ་གེ་རའི་ནང་ལས་ ཕམ་རྩ་ཆེ་ནི་དེ་གིས་ ཕམ་ལུ་ མཆོདཔ་མ་ཕུལ་མི་ཚུ་གི་ ཆོས་དེ་ཡང་ ལོག་པའི་ཆོས་ཨིནམ་ད་ ང་གིས་ ཧེ་མར་ཡང་ ཕམ་ཚུ་ལུ་ གུས་ཞབས་འབད་བའི་ ལོ་རྒྱུས་ལེ་ཤ་ཡོད། དེ་ཡང་ ཧེ་མར་ ཀ་ཤིའི་གྲོང་ཁྱེར་ལུ་ བྲམ་ཟེ་ཅིག་གི་མནའམ་ གཽ་ཏ་མི་ལུ་ བུ་རིགས་དང་ སྤྱོད་པ་གཙང་མ་ སྔོ་གཙང་ཅན་ཟེར་མི་ཅིག་ བྱུང་པའི་ཤུལ་ལུ། ཁོ་གི་ཕམ་གཉིས་ ལོ་ན་རྒས་པའི་ཁར་ མིག་ཏོ་ཡང་ ཞར་སོངཔ་ལས་ བུ་དེ་ལུ་ ཁྱིམ་གྱི་བདག་འགན་སྤྲོད་དེ་ ཤིང་ནགས་ཀྱི་ དགོན་པར་ཡར་སོང་ནུག། […]

gyalchi
གཏམ་བརྒྱུད།

སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་ལུ་ ཞེ་སྡང་གི་སྒོ་ལས་ ཚིག་རྩུབ་ཞུ་བའི་ཉེས་དམིགས།

༆   ཧེ་མར་ སངས་རྒྱས་བཅོམ་ལྡན་འདས་ ཞལ་བཞུགས་པའི་སྐབས་ལུ་ རྒྱལ་པོའི་ཁབ་ཟེར་སར་ ཚོང་དཔོན་ཕྱུགཔོ་ཅིག་གིས་ རིགས་རུས་མཉམ་པའི་ ཨམ་སྲུ་ཅིག་དང་ གཉེན་སྦྱོར་འབད་བའི་ཤུལ་ལུ་ དགའ་མགུ་སྤྲོ་གསུམ་གྱི་སྒོ་ལས་ ཕོ་བའི་ནང་ ཨ་ལོ་དང་པ་ ཆགས་ཡོད་རུང་ ཨ་ལོ་དེ་ ཕོ་བའི་ནང་ བསྡད་སྡོད་པར་ ཨ་ལོ་གཞན་ ༡༠ སྐྱེས་ཡོདཔ་ཨིན་པས། ནམ་ཅིག་གི་ཚེ་ ཨམ་སྲུ་དེ་ ན་བ་ལུ་བརྟེན་ཏེ་ སྨན་བཅོས་རིམ་གྲོ་ཚུ་ ག་བཟུམ་འབད་རུང་ དྲག་མ་ཚུགས་པར་ ཤི་ནིའི་གུ་ལྷོདཔ་ད་ ཨམ་སྲུ་དེ་གིས་ ཚོང་དཔོན་ལུ་ ང་ཤི་བའི་ཤུལ་ལུ་ ངེའི་ཕོ་བའི་ནང་ཡོད་མི་ ཨ་ལོ་དང་པ་དེ་ མཆན་ལོགས་གཡས་པ་ མཚོན་ཆ་གིས་སྤེད་དེ་ གཏོན་སྨ་རེད་ཟེར་ སླབ་ཞིནམ་ལས་ ཤི་སོང་ནུག། ཚོང་དཔོན་དེ་གིས་ ཨམ་སྲུའི་ཕུངམོ་དེ་ དུར་ཁྲོད་བསིལ་བའི་ཚལ་ལུ་ བསྐྱལ་བའི་ཤུལ་ལས་ སྨན་པའི་རྒྱལ་པོ་ འཚོ་བྱེད་ཀྱིས་ ཨམ་སྲུ་ཤི་མིའི་ ཕོ་བའི་ནང་ལས་ ཨ་ལོ་དེ་ མ་བཏོན་པའི་ཧེ་མར་ ཁྱབ་བསྒྲགས་བཏངམ་ལས་ སངས་རྒྱས་བཅོམ་ལྡན་འདས་ འཁོར་དང་བཅས་པ་གིས་གཙོས་པའི་ ཕྱི་རོལ་པའི་ སྟོན་པ་ ༦ དང་ མི་མང་འབུམ་ཕྲག་ ལེ་ཤ་ཅིག་ […]

gyalchi
Online now: 21 Today: 2500 Total visitors: 2500