སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༡༢ པའི་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༢༧ པའི་ དོན་ཚན་ ༤ པ་དང་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་ ༢༠༡༡ ཅན་མའི་ དོན་ཚན་ ༡༦༩ པའི་ དགོངས་དོན་ལྟར་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་རྗེ་བློན་ཆེན་ སྤྱི་ཚོགས་བཅས་ལུ་ཕུལ་མི་ ངན་ལྷད་ཀྱི་ ལོ་བསྟར་སྙན་ཞུ་ ཐེངས་ ༡༧ པ་འདི་ རྒྱལ་ཡོངས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་སྒང་གི་འཐུས་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ ཅན་མའི་གུ་ ངོ་སྤྲོད་གསལ་ཞུ་ ཡོངས་རྫོགས་སྦེ་ཕུལ་ནུག།
གསལ་ཞུ་དེ་ནང་ རྒྱབ་ཁུངས་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་འཚོལ་དང་ འབྲེལ་གཏུགས་ གྲུབ་འབྲས་ དྲང་སྤྱོད་གནས་རིམ་དང་ གདོང་ལན་ དེ་ལས་ གྲོས་འདེབས་ཛུ་འབདཝ་ད་ གནད་དོན་ཁག་ ༥ ཕུལ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཀྱི་ དྲང་སྤྱོད་ ༢༠༢༢ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ངན་ལྷད་གནས་རིམ་འདི་ བརྒྱ་ཆ་ ༥༨.༨ ལུ་ ལྷོད་དེ་ཡོདཔ་ལས་ གནས་སྟངས་དེ་ ཚབས་ཆེན་ཅིག་སྦེ་ གསལ་སྟོན་འབད་ཡོདཔ་ད་ ངན་ལྷད་དེ་ཡང་ དབང་ཚད་ལོག་སྤྱོད་ནང་ བརྒྱ་ཆ་ ༢༥ ལྷགཔ་ཅིག་དང་ ལྐོག་ཟ་ནང་ བརྒྱ་ཆ་ ༡༨ ཧམ་འཛུལ་ནང་ བརྒྱ་ཆ་ ༡༥ དེ་ལས་ མི་མང་གི་ རྒྱུ་དངོས་ནང་ བརྒྱ་ཆ་ ༡༣ ཨིནམ་ལས་ དབང་ཚད་ལོག་སྤྱོད་འདི་ ངན་ལྷད་མཐོ་ཤོས་ཅིག་ཨིནམ་སྦེ་ ཚོགས་ཆུང་གིས་ ངོས་འཛིན་འབད་ནུག།
ད་རུང་ སྤྱི་ལོ་ ༢༠༢༣-༢༠༢༤ ལོར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངན་ལྷད་ཀྱི་ སྙན་ཞུ་ ༣༢༢ དང་ འདས་པའི་ལོ་ནང་ སྙན་ཞུ་ ༣༤༢ ལྷོད་མིའི་གྲས་ཁར་ མི་མང་འོང་འབབ་དང་ ཐོན་སྐྱེད་དང་འབྲེལ་བའི་ ངན་ལྷད་ཀྱི་ སྙན་ཞུ་འདི་ འཕྲོ་མཐུད་དེ་ར་ ལོ་འདི་ནང་ཡང་ མཐོ་ཤོས་ཅིག་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ར་ རྒྱལ་ཁབ་ནང་ གནོད་འགེལ་གྱི་ ངན་ལྷད་ཁྱབ་ཆེ་བ་ བྱ་སྒོ་ལོག་སྤྱོད་དང་ ལྐོག་ཟ་ ནང་གསུག་ཚུ་ ཚུད་ཡོདཔ་ད་ དེ་ཡང་ ཐི་ཕུ་དང་ ཆུ་ཁ་ སྤ་རོ་རྫོང་ཁག་ཚུ་ནང་ ངན་ལྷད་མཐོ་ཤོས་སྦེ་ཡོད་པའི་ནང་ལས་ ལྷག་པར་དུ་ཡང་ ངན་ལྷད་ཀྱི་ དབྱེ་ཞིབ་དང་ རྩོད་རྙོག་ དེ་ལས་ དྲང་སྤྱོད་གནས་རིམ་དང་ གདོང་ལན་བྱུང་མིའི་ གནད་དོན་ཚུ་གི་སྐོར་ལས་ཡང་ སྙན་ཞུ་ཕུལ་ནུག།
དེ་སྦེ་ སྙན་ཞུ་ཕུལ་ཚར་བའི་ཤུལ་ལུ་ ཚོགས་ཁང་གི་ འཐུས་མི་ཚུ་གིས་ སྤྱིར་བཏང་གི་ བསམ་འཆར་དང་ དོགས་པ་ཚུ་ ཞུ་མི་ལུ་ ཚོགས་ཆུང་གི་ འབྲེལ་ཡོད་འཐུས་མི་ཚུ་གིས་ དོགས་སེལ་ཞུ་ཡོདཔ་མ་ཚད་ ཚོགས་ཆུང་གིས་ གྲོས་འདེབས་ ༤ ཕུལ་མི་ལུ་ཡང་ ཚོགས་དམངས་ཀྱིས་ གསུང་གྲོས་ཞིབ་ཞིབ་སྦེ་ གནང་པའི་ཤུལ་ལུ་ གྲོས་འདེབས་དང་པ་འདི་ ཚོགས་ཁང་གིས་ མཐའ་དཔྱད་དོན་ལུ་ ནང་འཁོད་ཞལ་འཛོམས་ནང་ གནང་ཡོད་པའི་གནས་ཚུལ།



