ArchiveAboutContact
National News

མི་དབང་ཞབས་ལས་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཆེན་གྱི་ འཆར་གཞིའི་ཨམ་གསལ་བསྒྲགས།

· 1 min read

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༦ པ་ བརྩི་བསྲུང་ཞུ་བའི་ དགའ་སྟོན་རྟེན་འབྲེལ་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ དཔལ་འབྱོར་གྱི་ ལྟེ་བ་ཅིག་སྦེ་ གོང་འཕེལ་གཏང་གནང་ནི་ཨིན་པའི་ ཐུགས་ཀྱི་དགོངས་བཞེད་སྐོར་ལས་ གསུངས་གནང་ཡི།
དེ་ཡང་ འབྲུག་གི་ལྷོ་མཚམས་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཆེན་ དམིགས་བསལ་བདག་སྐྱོང་གི་ ལུང་ཕྱོགས་དེ་ནང་ སླར་འབྱུང་ནུས་ཤུགས་དང་ དངོས་ཁམས་རིག་པ་ ཨང་གནས་མཐུད་འབྲེལ་གྱི་ གཞི་རྟེན་མཁོ་ཆས་དང་ ཤེས་རིག་ཚུ་ནང་ མ་རྩ་གཞི་བཙུགས་ཐོག་ལས་ གོང་འཕེལ་གཏང་གནང་ནི་སྦེ་ཨིན་པས།
དྲན་ཤེས་ཁྲོམ་ཆེད་དེ་ འབྲུག་གི་བརྩི་མཐོང་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་ གཞི་བརྟེན་ཐོག་ལས་ དཔལ་འབྱོར་གོང་འཕེལ་གྱིས་མ་དོ་བར་ མི་སེར་རེ་རེ་བཞིན་གྱི་ ཕན་བདེ་ལུ་ཡང་ གཙོ་རིམ་བཀོད་དེ་ ཁྱད་ཆོས་དང་ལྡནམ་སྦེ་ གཞི་བཙུགས་གནང་ནི་ཨིན་ཟེར་ གསུངས་གནང་ཡི།
མི་དབང་ཞབས་ལས་ དམིགས་བསལ་གྱི་ བདག་སྐྱོང་ལུང་ཕྱོགས་སྐོར་ལས་ གསལ་བསྒྲགས་གནང་པའི་ནང་གསལ་ རང་གཤིས་ཀྱི་ ཁེ་ཕན་ཡོད་པའི་ འབྲུག་རྒྱལ་ཁབ་ཆུང་ཀུ་འདི་ནང་ རྗེས་ཤུལ་གྱི་ དབང་ལུ་མ་ཐལ་བར་ གསར་གཏོད་འཆར་གཞི་ཚུ་ མགྱོགས་དྲགས་སྦེ་བརྩམས་ཏེ་ ལག་ལེན་འཐབ་ཚུགསཔ་ཨིན་རུང་ རྒྱལ་ཁབ་གཞན་ཁར་ཨིན་པ་ཅིན་ དེ་བཟུམ་མའི་ ལཱ་འབད་ནི་ལུ་ གཡང་ཟ་བག་ཟ་ བསྐྱེདཔ་ཨིན་ཟེར་ གསུངས་གནང་ཡི།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་དེ་གིས་ ས་ཆ་ཀི་ལོ་མི་ཊར་ ༡,༠༠༠ གྲུ་བཞི་དང་ ཨེ་ཀར་ ༢༥༠,༠༠༠ དེ་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ཀྱི་ ས་ཆ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༢.༥ དེ་ཅིག་ཨིན་རུང་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ལས་དོན་དང་ མ་རྩ་གཞི་བཙུགས་ཀྱི་ གོ་སྐབས་ཚུ་བརྒྱུད་དེ་ འཕེལ་ཤུགས་ཡོད་པའི་ ཁེ་ཕན་འཐོབ་ཚུགས་ཟེར་ཨིན་པས།
དྲན་ཤེས་ཁྲོམ་ཆེན་དེ་ རྒྱལ་ཁབ་ཕྱི་ནང་ ༢ ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལས་ གསར་གཏོད་གནང་ཡོདཔ་བཞིན་དུ་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ཀྱིས་ འོས་འབབ་ལྡན་པའི་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ཨིནམ་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ འབྲུག་མི་ཚུ་ འཕྲུལ་རིག་དང་ གསོ་བའི་འཕྲོད་བསྟེན་ དེ་ལས་ མ་འོངས་པའི་ ཚེ་གཡོག་ཚུ་ནང་ ལཱ་འབད་བར་ ལོག་འོང་ཚུགསཔ་ བཟོ་ནི་གི་ དམིགས་གཏད་ཨིན་པས།
སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ བྱར་ཀེ་ཨིན་ཇེལཛ་སྡེ་ཚན་གྱིས་ དྲན་ཤེས་ཁྲོམ་ཆེན་གྱི་ འཆར་གཞིའི་ཨམ་ གསལ་སྟོན་འབད་ཡོདཔ་ད་ འཆར་གཞི་དེ་ཡང་ འབྲུག་གི་ལམ་སྲོལ་དང་ ཆོས་ལུགས་ཀྱི་ སྲོལ་ཁྱུན་ཚུ་དང་འཁྲིལ་ཏེ་ བཟོ་བཀོད་འབད་ནུག།
འཆར་གཞི་དེ་གིས་ མི་དབང་མངའ་ཞབས་མཆོག་གི་ དགོངས་བཞེད་དེ་ མངོན་གསལ་ཅན་ལུ་ འགྱུར་དོ་ཡོདཔ་ད་ འཆར་གཞི་ཨམ་དེ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཁྱད་ཆོས་ ༩ དང་ སོ་ནམ་ཉམས་སྲུང་ འགྲུལ་བསྐྱོད་མཐུད་འབྲེལ་ མི་མང་གི་ས་གོ་ དེ་ལས་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ལུ་ མཐོ་ཚད་དམའ་ས་ལས་ མཐོ་ཚད་འབྲིང་མ་ཚུན་གྱི་ གོང་འཕེལ་ཚུ་དང་ ཟམ་ཚུ་རྐྱབ་ནི་སྦེ་ བཀོད་དེ་འདུག།
དྲན་ཤེས་ཁྲོམ་ཆེན་དེ་ ལྷོ་ཨེ་ཤི་ཡ་དང་ ཤར་ལྷོ་ཨེ་ཤི་ཡའི་ མི་རློབས་ཐེར་འབུམ་ ༢ དེ་ཅིག་དང་ མཐུད་འབྲེལ་འབད་ཚུགས་པའི་ དཔལ་འབྱོར་གྱི་ བར་ཁྱམས་ལུ་ འོང་ནི་ཨིནམ་ལས་ འཛམ་གླིང་ནང་ ནུས་ཤུགས་ཆེ་བའི་ དཔལ་འབྱོར་དང་ ལམ་སྲོལ་ཚུ་དང་གཅིག་ཁར་ མཐུད་འབྲེལ་འབད་ནི་ཨིན་པས།
དམིགས་བསལ་གྱི་ བདག་སྐྱོང་ལུང་ཕྱོགས་ལུ་ བདག་སྐྱོང་གི་ ཐོབ་ཁུངས་ཚུ་ ལོགས་སུ་སྦེ་ འོང་ནི་ཨིནམ་ད་ དེ་ཡང་ ཡུན་བརྟན་དང་ འཕྲུལ་རིག་ མ་དངུལ་ཚུ་ གནས་ཚད་དྲག་ཤོས་འབད་མི་ ལས་སྡེ་ཚུ་གིས་ གཞི་བཙུགས་འབད་ནི་ཨིན་པས།
དྲན་ཤེས་ཁྲོམ་ཆེན་དེ་ནང་ འབྲུག་གི་ཁྱད་ཆོས་བཟང་པོའི་ ལམ་སྲོལ་དང་ ནང་པ་སངས་རྒྱས་པའི་ ལྟ་བ་ཚུ་དང་ མཐུན་སྒྲིག་ཅན་གྱི་ ཚོང་ལཱ་འབད་མི་ཚུ་གིས་ གྲལ་གཏོགས་འབད་ནི་ལུ་ སེམས་ཤུགས་བསྐྱེད་ཐོག་ལས་ ཡུན་བརྟན་དང་ ཆོས་ཕྱོགས་ཀྱི་ ཕན་བདེ་ལུ་ གཙོ་རིམ་བཟུང་ནུག།
མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་དོན་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་ གོང་འཕེལ་བཏང་ནི་ལུ་ གཙོ་རིམ་ ༣ གསལ་བཀོད་གནང་ཡོད་མི་ཚུ་ཡང་།
༡ ཆུར་བརྟེན་ནུས་ཤུགས་དང་ གཞན་ཡང་ ཉིན་དྲོད་དང་ རླུང་ཤུགས་དང་འདྲ་བའི་ ཡུན་བརྟན་ཅན་གྱི་ ནུས་ཤུགསཚུ་ནང་ མ་རྩ་གཞི་བཙུགས་འབད་དེ་ འབྲུག་གི་སླར་འབྱུང་ནུས་ཤུགས་ཀྱི་ལྕོགས་གྲུབ་ བརྒྱ་ཆ་ལས་བརྒྱ་ཆ་སྦེ་ར་ རྒྱ་སྐྱེད་བཏང་ནི་དང་ འབྲུག་གི་ནུས་ཤུགས་གོང་ཚད་དེ་ ལུང་ཕྱོགས་ནང་ དོ་འགྲན་མཐོ་ཤོས་ཅིག་ལུ་ འགྱུར་ནི་ཨིན་མི་དེ་གིས་ ཡུན་བརྟན་ཅན་གྱི་ ནུས་ཤུགས་དེ་ འོང་འབབ་ཀྱི་ འཐོན་ཁུངས་ཉག་ཅིག་མིན་པར་ དཔལ་འབྱོར་ཡར་འཕར་ལུ་ཡང་ ལྕོགས་གྲུབ་ཡོདཔ་ བཟོ་ནི་དེ་ མི་དབང་མཆོག་གི་ དགོངས་བཞེད་ཨིན་པས།
༢ དགེ་ལེགས་ཕུག་ལུ་ གནམ་གྲུ་ཐང་གསརཔ་ཅིག་ གཞི་བཙུགས་འབད་དེ་ སྤྱི་ལོ་ ༢༠༢༦ ལས་ ལག་ལེན་འགོ་བཙུགས་ནི་དང་ རྒྱ་གར་དང་གཅིག་ཁར་ རེལ་ལི་དང་ འཁོར་ལམ་གཉིས་ཆ་ར་ མཐུད་འབྲེལ་འབད་ནི་དང་འབྲེལ་ཏེ་ གཞན་ཡང་ ཨེ་ཤི་ཡ་དང་ འཛམ་གླིང་རྒྱལ་སྤྱི་དང་གཅིག་ཁར་ ཨང་གནས་མཐུད་འབྲེལ་གྱི་སྒོ་ལས་ ལྕོགས་གྲུབ་ཅན་དང་ ཡིད་ཆེས་འདྲོངས་པའི་ རྒྱལ་སྤྱིའི་མཐུད་འབྲེལ་ ངེས་གཏན་བཟོ་ནི།
༣ དྲན་ཤེས་ཁྲོམ་ཆེན་ གོང་འཕེལ་ནང་ འབྲུག་མི་ཚུ་གིས་ གྲལ་གཏོགས་ཧྲིལ་བུར་འབད་ནི་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ འབྲུག་མི་ཚུ་གི་ ཤེས་ཡོན་དང་རིག་རྩལ་གྱི་ གནས་ཚད་ཚུ་ ཡར་སེང་འབད་ནི་ཨིན་པས།
བྱར་ཀེ་ཨིན་ཇེལཛ་སྡེ་ཚན་གྱི་ བཟོ་བཀོད་དཔར་རིས་དེ་གིས་ མི་དབང་མཆོག་གི་ དགོངས་བཞེད་འགྲུབ་ཐབས་འབད་བའི་ཁར་ དྲན་ཤེས་ཁྲོམ་ཆེན་དེ་གིས་ ནང་གསེས་མཐུད་འབྲེལ་དང་ ཁྱིམ་མཚེས་མཐུད་འབྲེལ་ཚུ་གི་སྒོ་ལས་ རྒྱལ་ཁབ་ཀྱི་ སྐྱེ་ལྡན་རིགས་སྣ་ཚུ་ཡང་ ཡར་དྲགས་གཏང་ནི་དང་ སྤྱོད་བཏུབ་པའི་ ཟམ་ཚུ་ལུ་བརྟེན་ཏེ་ སྐྱེད་ལྡན་རིགས་སྣའི་ བར་སྒོ་ཚུ་གིས་ མི་སྡེ་ཚུ་ དངོས་ཁམས་རིག་པ་དང་ ཆོས་ཕྱོགས་ཀྱི་སྒོ་ལས་ མཐུད་འབྲེལ་འབད་དེ་ གསར་གཏོད་དང་ ཤེས་རིག་ ངལ་སངས་ཚུ་ གོང་འཕེལ་གཏང་ནི་ཨིན་པས།
འཆར་གཞི་ཨམ་དེ་གིས་ དགེ་ལེགས་ཕུག་ལུ་ ད་ལྟོ་ཡོད་མི་ གཞི་རྟེན་མཁོ་ཆས་དང་ སོ་ནམ་ དེ་ལས་ གཞན་ཡང་ བཀོལ་སྤྱོད་ཀྱི་ མཐུན་རྐྱེན་ཚུ་ལུ་ གཞི་བརྟེན་འབད་དེ་ འཆར་གཞིའི་ས་གོ་ནང་ལས་ འབབ་ཆུ་ ༣༥ ཡོད་མི་ཚུ་གིས་ ཁྱིམ་མཚེས་ཚུ་ལུ་ རང་བཞིན་གྱིས་ བགོ་བཤའ་ཡོད་མི་ཚུ་ གཞི་བརྟེན་འབད་བའི་ སྒྲིག་བཀོད་གསལ་སྟོན་འབད་དེ་ཡོདཔ་ད་ ཁྲོམ་ཆེན་གོང་འཕེལ་ནང་ ས་གནས་ཀྱི་ ཤིང་ཆས་དང་ རྡོ་ སྤག་ཤིང་ཚུ་ ལག་ལེན་འཐབ་ཐོག་ལས་ འབྲུག་གི་ལམ་སྲོལ་ཡུན་བརྟན་གྱི་ བརྡ་མཚོན་སྟོན་ནི་ཨིན་པས།
འཕྲལ་ཕུགས་ ༢ ཀྱི་ནང་ གནམ་བྱཱར་ཀྱི་དུས་ཚོད་ཁར་ ཆར་ཆུ་ལུ་བརྟེན་པའི་ ས་རུད་དང་ ཆུ་རུད་ཚུ་ བཀག་ཐབས་ལུ་ ས་ཁོངས་ནང་གི་ འབབ་ཆུ་ཚུ་གི་ མཐའམ་བདའ་སྟེ་ བྱང་ཕྱོགས་ལས་ ལྷོ་ཕྱོགས་ཁ་ཐུག་ལུ་ ཆུ་ཞིང་ཚུ་ གཞི་བཙུགས་འབད་ནི་ཨིནམ་ད་ དེ་ཡང་ སྐྱེ་ལྡན་རིགས་སྣའི་ བར་སྒོ་སྦེ་ ལག་ལེན་འཐབ་སྟེ་ སྐྱེ་ལྡན་རིགས་སྣ་དང་ གཅན་གཟན་གླངམོ་ཆེན་བཟུམ་ཚུ་གི་ འགྲུལ་ལམ་ཚུ་ མ་དཀྲོགས་པར་ བཞག་ནི་ཨིན་པས།
དྲན་ཤེས་ཁྲོམ་ཆེན་ནང་ཡོད་མི་ གཙང་ཆུ་ཚུ་གུ་ འགྲུལ་བསྐྱོད་མཐུད་འབྲེལ་ གཙོ་བོ་ ༣ རྐྱབ་ནི་དང་ ཁྱིམ་མཚེས་ཚུ་ གཅིག་ཁར་བཞག་ནིའི་དོན་ལས་ འགྲུལ་བསྐྱོད་བྱ་སྟབས་བདེ་ཐབས་ལུ་ སྤྱི་དོན་ཟམ་ཚུ་ རྐྱབ་ནི་ཨིན་པའི་གུ་ ཁྲོམ་ཆེན་དེ་ཁར་ རེལ་ལིའི་ས་ཐོག་འབབ་ཚུགས་དང་ རྒྱལ་སྤྱི་གནམ་གྲུ་ཐང་ དེ་ལས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་དང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ མཐུད་འབྲེལ་འབད་ནི་ཨིན་པས།
དམིགས་བསལ་གྱི་ བདག་སྐྱོང་ལུང་ཕྱོགས་ གོང་འཕེལ་གྱི་ ལག་ལེན་གཙོ་རིམ་དང་པ་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པའི་ཚེས་ ༢༣ ལུ་ རྒྱལ་སྤྱི་གནམ་གྲུ་ཐང་གསར་པའི་ ས་བསླངས་རྟེན་འབྲེལ་མཛད་ཡོདཔ་ད་ རེ་ལིའི་ས་ཐོག་འབབ་ཚུགས་དེ་ བཟོ་བསྐྲུན་ངང་ལུ་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་བརྒྱུད་དེ་ ང་བཅས་རའི་ བཤུལ་བཞག་གོང་འཕེལ་གཏང་ནི་ལུ་ བྱིན་རླབས་དང་ ཡ་མཚན་ཆེ་བའི་ གོ་སྐབས་ཡོདཔ་ལས་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ཀྱི་ལཱ་དེ་ མཐར་འཁྱོལ་འབྱུང་པའི་ ཡིད་ཆེས་སྦོམ་ཡོད་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 8 Today: 4236 Total visitors: 6913