ArchiveAboutContact
Special News

མི་དབང་མཆོག་གིས་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༣ པ་ འགོ་འབྱེད་མཛད་སྒོའི་ནང་དབུ་བཞུགས།

· 1 min read

མགོན་པོ་རྡོ་རྗེ།
ཤིང་སྦྲུལ་ཟླཝ་ ༣ པའི་ཚེས་ ༢༦ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ གཟའ་སྐར་འཕྲོན་སྦྱོར་ཚུ་ ག་ནི་བ་ ཕུན་སུམ་ཚོགས་པའི་ཉིན་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པ་ འགོ་བཙུགས་གནང་པའི་ འགོ་འབྱེད་རྟེན་འབྲེལ་མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་ཡི།
དེ་ཡང་ མི་དབང་མངའ་ཞབས་མཆོག་ སྒོ་ར་ཁ་ལས་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ བློན་པོ་ལྷན་རྒྱས་ཚུ་གིས་ རང་ལུགས་ཆིབས་གྲལ་ཐོག་ལུ་ གདན་འདྲེན་ཞུ་སྟེ་ ཚོགས་ཁང་ཆེན་མོའི་ ཕྱི་ཁར་ཕེབས་ད་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་དེ་ནང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ བློན་པོ་བགྲེསཔ་ཚུ་གིས་གཙོས་པའི་ གཞུང་གི་དཔོན་ཁག་ཚུ་དང་ འཛམ་གླིང་རྒྱལ་སྤྱིའི་ དོན་གཅོད་སྐུ་ཚབ་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ རྫོང་ཁག་ ༢༠ གི་ སྲོལ་འཛིན་འགོ་དཔོན་ཚུ་ དེ་ལས་ སློབ་གྲྭ་ཁག་གི་ སློབ་དཔོན་དང་ སློབ་ཕྲུག་གིས་ཡང་ གྲལ་གཏོགས་འབད་ནུག།
དེ་བསྒང་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཉིན་མཚན་མེད་པར་ དུས་དང་རྣམ་པ་ཀུན་ཏུ་ ཐུགས་ངལ་བསུན་མེད་པའི་ ཕྱག་ལཱ་གནང་བཞིན་དུ་ཡོདཔ་ལས་ ཐུགས་ཁོམ་ཡུད་ཙམ་ཅིག་ཡང་མེད་རུང་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་འདི་ལུ་ རྩིས་མཐོང་དང་ ཐུགས་བརྩེ་བས་གཟིགས་ཏེ་ བྱོན་གནང་མི་འདི་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་དང་ ཚོགས་དཔོན་ང་རའི་ཧོངས་ལས་ གུས་ཞབས་དང་བཅས་པའི་སྒོ་ལས་ བྱོན་པ་ལེགས་སོའི་ བསུ་བ་དང་གཅིག་ཁར་ བཀྲིན་ཆེ་ཟེར་ཞུ་ཡི།
དེ་བཟུམ་སྦེ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ ཞི་དྲག་ལས་སྡེ་ཁག་གི་ དཔོན་ཁག་ཚུ་དང་ རྒྱལ་སྤྱིའི་དོན་གཅོད་སྐུ་ཚབ་ དེ་ལས་ དཔོན་ཁག་བགྲེསཔ་ཚུ་དང་ སྒེར་སྡེ་ཁག་གི་ གཙོ་འཛིན་ཚུ་གིས་མ་ཚད་པར་ སློབ་གྲྭ་ཁག་གི་ སློབ་དཔོན་དང་ སློབ་ཕྲུག་ ད་རེས་ ཆེད་དུ་མངགས་ཏེ་ ཚོགས་འདུའི་མཛད་རིམ་མཇལ་བར་འོང་མི་ རྩི་རང་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་དང་ འཐུས་མི་ཚུ་ དེ་ལས་ རྫོང་ཁག་ཉི་ཤུའི་ སྲོལ་འཛིན་འགོ་དཔོན་ཚུ་དང་ གཞན་ཡང་ ད་རིས་ དངོས་སུ་སྦེ་ གྲལ་གཏོགས་འབད་མི་ཡོངས་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བྱོན་པ་ལེགས་སོ་ཡོད་ཟེར་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཁབ་ཀྱི་ རང་བཙན་སྲུང་སྐྱོབ་དང་ དཔལ་འབྱོར་ལ་སོགས་པའི་ ཡར་རྒྱས་གོང་འཕེལ་དང་ མི་སེར་གྱི་ བདེ་སྐྱིད་དང་ ཆོས་དང་ལམ་སྲོལ་ ཉམས་སྲུང་གིས་མ་ཚད་པར་ རྒྱལ་ཁབ་མདུན་བསྐྱོད་ཀྱི་དོན་ལུ་ དུས་རབས་ ༢༡ པའི་ གནས་སྟངས་དང་བསྟུན་ཏེ་ གནད་འགག་ཆེ་བའི་ ཕྱག་ལཱ་ཚུ་ ཉིན་ནུབ་མེད་པར་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ མཛད་དང་མཛད་བཞིན་དུ་ཡོད་མི་འདི་ ང་བཅས་ འབྲུག་མི་ཡོངས་ཀྱིས་ མཁྱེན་གསལ་ཆེ་ཟེར་ཞུ་ཡི།
དེ་མ་ཚད་ མི་དབང་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཐུགས་བརྩོན་ཆེ་བའི་སྒོ་ལས་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ཚུ་གི་ནང་ཡང་ གཞུང་འབྲེལ་གཟིགས་སྐོར་གནང་ཞིནམ་ལས་ རྒྱལ་ཁབ་ཁག་གི་ དབུ་ཁྲིད་ཚུ་དང་གཅིགཁར་ ཕན་ནུས་ཆེ་བའི་ གསུང་གྲོས་ཚུ་གནང་སྟེ་ མཐུན་འབྲེལ་དམ་ཟབ་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ མེད་ཐབས་མེད་པའི་ སྤྱི་ཕན་ཞབས་ཏོག་གི་ མཐུན་རྐྱེན་ཚུ་ག་ར་ སྔར་བ་ལྷགཔ་སྦེ་ གོང་འཕེལ་བཏང་གནང་ཡི་ཟེར་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམིགས་བསལ་གྱི་ མགྲོན་བརྡ་ཕུལ་གནང་མི་དང་བསྟུན་ཏེ་ མཐའ་ཡས་ལེན་གྱི་རྒྱལ་པོ་ མི་དབང་མཧཱ་ ཝ་ཇི་ར་ལོང་ཀཱོན་ ཕ་ར་ ཝ་ཇི་རག་ལོ་ཅོ་ཡུ་ཧཱ་མཆོག་དང་ མི་དབང་རྒྱལ་བཙུན་ སུ་ཐི་ད་ བ་ཇ་ར་སུ་དྷ་བི་མ་ལ་ལག་ཤ་ན་མཆོག་ ཉིན་གྲངས་ ༤ གི་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ མི་དབང་མངའ་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གིས་ བསུ་བ་དང་ མགྲོན་སྐྱོང་གི་ ཞབས་ཏོག་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ མཛད་གནང་ཡོདཔ་སྦེ་ཞུ་ཡི།
དེ་མ་ཚད་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གིས་ ཀུན་གསལ་ཕོ་བྲང་ལུ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྟོན་པའི་རིང་བསྲེལ་བྱིན་ཅན་ ཕུལ་གནང་མི་འདི་ བཞེས་གནང་པའི་ཤུལ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ མཐའ་ཡས་ལེན་གྱི་ བླ་སློབ་ཞལ་གྲངས་ ༧༤ དང་ གཞུང་གྲྭ་ཚང་གི་ བླ་སློབ་ཞལ་གྲངས་ ༧༤ གིས་ སྟོན་པ་རྡོར་གདན་མའི་སྤྱན་སྔར་ ནང་པ་སངས་རྒྱས་པའི་ རྒྱལ་ཁབ་ ༢ ཀྱི་ དབུ་ཁྲིད་ཚུ་ སྐུ་ཚེ་ཞབས་པད་བརྟན་ཐབས་ལུ་ དཀར་མེ་སྟོང་མཆོད་ཕུལ་ཏེ་ སྨོན་ལམ་ཚུ་ཡང་ ཕུལ་གནང་ཡི་ཟེར་ཨིན་པས།
དེ་གི་ཤུལ་ལས་ མི་དབང་མཆོག་གིས་ སྟོན་པའི་རིང་བསྲེལ་བྱིན་ཅན་འདི་ མི་མང་ལུ་ མཇལ་ཁ་གནང་ཡོདཔ་ད་ རྒྱལ་ཁབ་ ༢ ཀྱི་བར་ན་ ནང་པའི་ཆོས་རྒྱུན་གྱི་ ཕྱག་སྲོལ་དེ་ཡང་ གོང་ལས་གོང་འཕེལ་འགྱོ་བའི་ རྟགས་མཚན་བཟངམོ་ཅིག་ཨིན་པའི་ཁར་ དེ་བཟུམ་མའི་ མཛད་པ་འཕྲིན་ལས་ཚུ་ལུ་བརྟེན་ཏེ་ རྒྱལ་རྒྱུད་རྒྱལ་ཁབ་ ༢ ཀྱི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གི་བར་ན་ དག་སྣང་དང་ དམ་ཚིག་དྲི་མ་མེད་པར་ཡོད་མི་དེ་ མི་ཉམས་ཡུན་དུ་གནས་ནི་དང་ མཛའ་བཤེས་ཅན་གྱི་ མཐུན་ལམ་དམ་ཟབ་དེ་ཡང་ སྔར་བ་ལྷགཔ་སྦེ་ རྩ་བརྟན་དང་ སྒྲིང་སྒྲིང་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས་ཟེར་ཞུ་ཡི།
མི་དབང་མཆོག་གི་ཞབས་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་འདི་ ག་ནི་བ་ རྒྱ་ཆེ་བའི་ ཐུགས་ཀྱི་དགོངས་བཞེད་གནང་སྟེ་ འཛམ་གླིང་རྒྱལ་སྤྱིའི་གནས་ཚད་ཁར་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་གོང་འཕེལ་གྱི་ལྟེ་བ་དང་ མི་མང་ལུ་ བདེ་སྐྱིད་འབྱུང་ཐབས་ལུ་ ལས་འགུལ་འདི་ མི་དབང་མཆོག་གི་ ཐུགས་འདུན་ལྟར་དུ་ འགྲུབ་ཚུགས་ནིའི་དོན་ལས་ བླ་མ་ཡི་དམ་ཆོས་སྐྱོང་ཚུ་ལུ་ གདོང་གྲོགས་ཞུ་ཞིནམ་ལས་ ཆོས་ཀྱི་ཁ་ཐུག་ལས་ བྱིན་རླབས་ཅན་གྱི་ བལ་ཡུལ་བྱ་རུང་ཁ་ཤོར་མཆོད་རྟེན་ལས་ དཔེ་བླངས་ཏེ་ དགེ་ལེགས་ཕུག་ལུ་ བཞེངས་ནི་དང་།
དེ་ལས་ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ ཨྱོན་གུ་རུ་རིན་པོ་ཆེའི་ རྗེས་དྲན་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ ལྷ་ཁང་བཞེངས་ནི་ཚུ་ རྒྱལ་པོའི་ལས་འགུལ་ཐོག་ལས་ གནང་ཡོདཔ་མ་ཚད་ གཞན་ཡང་ ཆོས་དང་འབྲེལ་བའི་ ལས་འགུལ་གཞི་བཙུགས་ཀྱི་དོན་ལུ་ གཞུང་འབྲེལ་བཀའ་ཤོག་ཁག་ ༨ གནང་ཡོད་མི་ཚུ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༨ ལུ་ རྒྱལ་པོའི་གཟིམ་དཔོན་གྱིས་ རང་ལུགས་རྟེན་འབྲེལ་ཐོག་ལས་ སེམས༌རྟོགས༌ཁའི༌ རྫོང་ནང་སྦེ་ ལས་འགུལ་འགན་འཛིན་པ་ཚུ་ལུ་ རྩིས་སྤྲོད་གནང་ཡི་ཟེར་ཨིན་པས།
མི་དབང་ཞབས་ལས་ མདང་ཞག་ སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ མེ་ཡན་མར་རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཚད་ ༧.༡ འབད་མི་ཅིག་རྐྱབ་སྟེ་ མིའི་ཚེ་སྲོག་དང་ གཞི་རྟེན་མཁོ་ཆས་ལ་སོགས་པ་ཚུ་ལུ་ རྐྱེན་ངན་སྦོམ་འབད་ར་ བྱུང་ཡོད་མིའི་ནང་ འབྲུག་གི་ཧོངས་ལས་ སྨན་བཅོས་མཁས་མཆོག་དང་ བདེ་སྲུངཔ་ རྒྱལ་སྲུངཔ་ དེ་ལས་ ཁྱད་ལཱ་འབད་མི་ཚུ་ ཡོངས་བསྡོམས་ ༨༧ གྲོགས་རམ་འབད་བར་ བཏང་གནང་སྟེ་ སྨན་བཅོས་ཀྱི་ གྲོགས་རམ་ཚུ་ དུས་ཚོད་ཁར་ དོན་སྨིན་ཅན་སྦེ་ ཞབས་ཏོག་ཞུ་ཚུགས་ཡོདཔ་ལས་ མི་དབང་མཆོག་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ གུས་ཞབས་དང་བཅས་པའི་ བཀྲིན་དགའ་ཚོར་ཕུལཝ་ཨིན་ཟེར་ཞུ་ཡི།
མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ མི་སྡེའི་མཐའ་དོན་ལུ་ ཐུགས་བཞེད་རྒྱ་ཆེ་ས་ལས་བཞེས་ཏེ་ སྤྱི་ལོ་ ༢༠༡༡ ལས་ བདེ་སྲུང་གི་ལས་རིམ་ འགོ་བཙུགས་གནང་ཞིནམ་ལས་ ད་ཚུན་གྱི་བར་ན་ བདེ་སྲུངཔ་ཕོ་མོ་ཡོངས་བསྡོམས་ སྟོང་ཕྲག་ ༥༠ ལྷག་ཙམ་ཅིག་གིས་ སྦྱོང་བརྡར་མཐར་འཁྱོལ་ཏེ་ ཕྱག་ལེགས་ཤོམ་སྦེ་ ཞུ་བཞིན་དུ་ཡོད་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་ རིག་རྩལ་ཅན་སྦེ་ བཟོ་གནང་ནིའི་དོན་ལས་ སྤྱི་ལོ་ ༢༠༢༤ ལུ་ རྒྱལ་སྲུང་ལས་རིམ་ གཞི་བཙུགས་གནང་སྟེ་ ད་ལྟོ་ཚུན་ཚོད་ ན་གཞོན་བུ་དང་བུམོ་ ༣,༦༩༡ དེ་ཅིག་གིས་ སྦྱོང་བརྡར་ཚུ་འབད་ཡོདཔ་ལས་ རྒྱལ་ཁབ་ཀྱི་ རྩ་བ་གསུམ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་ནི་ཨིན་མས་ཟེར་ཞུ་ཡི།
དུས་ཅི་གི་ལོ་འདི་ ང་བཅས་རའི་ རྒྱལ་ཁབ་ནང་ ག་ནི་བ་ རྩ་ཆེ་བའི་ རྗེས་དྲན་གྱི་ ལོ་ཁྱད་འཕགས་ཅན་ཅིག་ཨིནམ་ད་ དེ་ཡང་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལ་རབས་ནང་ དཔལ་ལྡན་འབྲུག་པའི་ གསེར་ཁྲི་གུ་ ཡུན་རིང་གི་བར་ན་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཐུགས་ཀྱི་མཁྱེན་རྒྱ་དང་ ཕྱག་ལཱ་མཛད་ཐངས་ཚུ་ ཅི་དང་མ་འདྲ་བའི་སྒོ་ལས་ རྒྱལ་སྲིད་བསྐྱངས་ཏེ་བཞུགས་མི་ རྒྱལ་ཡོངས་ཀྱི་ ཡབ་རྗེ་དམ་པ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ དགུང་ལོ་ ༧༠ བཞེས་ནི་ཨིནམ་ལས་ མི་དབང་ཡབ་རྗེ་དམ་པ་མཆོག་ ཇི་སྲིད་འཁོར་བ་མ་སྟོང་གི་བར་ན་ སྐུ་ཚེ་ཞབས་པད་བརྟན་ཏེ་ མཛད་འཕྲིན་དར་ཞིང་རྒྱས་པའི་ སྨོན་འདུན་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ དགུང་ལོ་ ༧༠ བཞེས་ནི་ཨིནམ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ རྡོ་རྗེ་འཆང་གི་གསེར་ཁྲི་གུ་ ལོ་ཡུན་རིངམོ་སྦེ་བཞུགས་ཏེ་ འགྲོ་བ་སེམས་ཅན་ཐམས་ཅད་ རྣམ་མཁྱེན་སངས་རྒྱས་ཀྱི་ གོ་འཕང་ལུ་ འདྲེན་ནིའི་དོན་ལས་ ཆོས་འབྲེལ་གྱི་མཛད་འཕྲིན་ ཕྱོགས་མཚམས་ཀུན་ལུ་ སྔར་ལས་ལྷགཔ་སྦེ་བསྐྱངས་ཏེ་ བསྟན་དང་འགྲོ་བའི་སྐྱབས་མགོན་ལུ་ སྐུ་ཚེ་ཞབས་པད་བརྟན་ཏེ་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ གོང་ལས་གོང་དུ་འཕེལ་བའི་ སྨོན་ལམ་ཡང་ ཕུལ་ནི་ཨིན་ཟེར་ཞུ་ཡི།
དེ་མ་ཚད་ རྒྱལ་བ་ཀུན་གྱི་ཡུམ་མཆོག་ རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ ཏཱ་ར་ཡ་ན་ གཞི་ཚོགས་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༠ ལུ་ དགུང་ལོ་ ༧༠ བཞེས་ནི་ཨིན་མི་དེ་ལུ་ཡང་ བཀྲ་ཤིས་པའི་ སྨོན་འདུན་ཞུ་ནི་དང་འབྲེལ་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ གྲོང་གསེབ་མཐའ་ཟུར་དང་ གཡུས་སྒོ་ཚུ་ནང་ ཞབས་བཅག་མཛད་དེ་ དབུལ་ཕོངས་ཀྱི་ དཀའ་ངལ་ནང་ཡོད་མི་ མི་སེར་ཉམ་ཆུང་ཚུ་ལུ་ སྡོད་ཁྱིམ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་དང་ མི་སྡེའི་ཞབས་ཏོག་ཚུ་ མི་སྡེ་ལས་ཚོགས་ཐོག་ལས་ མི་ཚེ་ཡར་དྲག་གི་ གོ་སྐབས་ཚུ་ གནང་ཐོག་ལུ་ སྐུ་ཚེ་ཞབས་པད་བརྟན་ཏེ་ མཛད་འཕྲིན་ནམ་མཁའ་དང་མཉམ་པའི་ སྨོན་ལམ་ཡང་ ཕུལ་ནི་ཨིན་ཟེར་ཞུ་ཡི།
ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ མཚན་ལྡན་གྱི་བླ་སྤྲུལ་དང་ བླ་སློབ་ཡོངས་དང་ གྲྭ་ཚང་ཆོས་སྡེ་ཡོངས་ཀྱི་ ཁ་ཐུག་ལས་ སྤྱིར་འཛམ་གླིང་རྒྱལ་ཡོངས་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ དགའ་སྐྱིད་དང་ ཞི་བདེ་འབྱུང་ཐབས་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ལས་ཕར་ དབང་ལུང་ཁྲིད་ ༣ དང་ ཆོས་ཕྱོགས་དང་འབྲེལ་བའི་ མཛད་འཕྲིན་ཚུ་ འགོ་འདྲེན་འཐབ་གནང་མི་དེ་གིས་ འབྲུག་པའི་མི་སེར་ཚུ་ མི་ཚེ་ཆོས་དང་འབྲེལ་ཏེ་ མཐར་ཐུག་སངས་རྒྱས་ཀྱི་ གོ་འཕང་འཐོབ་པའི་ སྨོན་ལམ་མཚམས་སྦྱར་གྱི་ གོ་སྐབས་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ བསྟན་འཛིན་གྱི་ སྐྱེས་ཆེན་དམ་པ་ཡོངས་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་ལས་ གཞུང་སྐྱོང་དབུ་ཁྲིད་ མི་རྗེ་བློན་ཆེན་གྱིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ གཞུང་འབྲེལ་གཟིགས་སྐོར་ཐོག་ལས་ མཐུན་བཤེས་ཅན་གྱི་ རྒྱལ་ཁབ་ཁག་གི་ གཞུང་སྐྱོང་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ ཕྱད་ཞིནམ་ལས་ རྒྱལ་ཁབ་དང་ མི་སྡེ་གོང་འཕེལ་གྱི་དོན་ལུ་ དཔལ་འབྱོར་ལ་སོགས་པའི་ རྒྱབ་སྐྱོར་དང་ གྲོགས་རམ་གྱིས་མ་ཚད་པར་ མཛའ་བཤེས་མཐུན་འབྲེལ་ཚུ་ གོང་འཕེལ་བཏང་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༣ པ་འདི་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

Comments are closed.

Related

Special News

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།

མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

gyalchi
Special News

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།    ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]

Online now: 13 Today: 4441 Total visitors: 7118